[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་དགུན་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་བྱས་པ།

    ཆང་བཏུངས་འཁོར་གཏོང་ལ“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་ཞིབ་བཤེར་ཡང་ཡང་བྱེད་དགོས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དགུན་དུས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅོས་སྒྲིག་བྱ་སྤྱོད་བཀོད་སྒྲིག་གི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་འདི་ལོ་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་གནས་ཚུལ་བརྡ་ཁྱབ་དང་དབྱེ་ཞིབ་བྱས་པ་དང་ཆབས་ཅིག ལས་འཛོལ་མ་ཐོན་སྔོན་འགོག་གི་བསམ་འཆར་དང་གྲོས་འགོ་བཏོན་པ་དང་། 《ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་དགུན་དུས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅོས་སྒྲིག་བྱ་སྤྱོད་འཆར་གཞི》(གཤམ་ལ《ཇུས་གཞི》ཞེས་བསྡུ་རྒྱུ)སྒྲོག་སྦྱང་བྱས་པ་རེད།

    རྫོང་དང་ཆུས་ཁག་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ར་བཟི་འཁོར་གཏོང་དང་ཆང་བཏུངས་འཁོར་གཏོང་ལ“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་ཞིབ་བཤེར་ཡང་ཡང་བྱེད་པ་དང་ཆབས་ཅིག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་གྲྭ་དང་ཁེ་ལས་སོགས་སུ་བསྐྱོད་དེ་ཆང་བཏུངས་ནས་རླངས་འཁོར་གཏོང་མི་རུང་བའི་དྲིལ་བསྒྲགས་འཆད་ཁྲིད་བྱེད་རྒྱུ་མ་ཟད། 《རྒྱ་ཆེའི་གྲོང་མི་ཚོར་སྤྲིངས་པའི་ཡི་གེ》བཀྲམ་ནས་ཆང་བཏུངས་ནས་རླངས་འཁོར་གཏོང་མི་རུང་བ་དེ་མི་སེམས་ལ་ཟུག་པའི་བདེ་འཇགས་ཀྱི་རྒྱུན་ཤེས་ཤིག་ལ་འགྱུར་བ་བྱེད་རྒྱུ་དང་། དགུན་དུས་ཆང་བཏུངས་འཁོར་གཏོང་གི་གནས་ཚུལ་ཐོན་མང་བའི་དུས་མཚམས་དང་ལྷག་པར་དུ་ཡེ་ཤུའི་འཁྲུངས་སྐར་དང་གནམ་ལོ་གསར་ཚེས་སོགས་མཚམས་ཚིགས་གལ་ཆེན་ལ་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་ལ་རྡུང་རྡེག་གཏོང་བའི་མཚན་མོའི་ཞིབ་ཤེར་གྱི་ཆེད་དོན་བྱ་སྤྱོད་སྤེལ་ཏེ། བཅོས་སྒྲིག་དུས་མཚམས་སྣུར་སྲིང་བྱེད་པ་དང་། ཞིབ་བཤེར་ཐག་གཅོད་ཀྱི་དུས་མཚམས་ལ་འགྱུར་ལྡོག་གཏོང་བ། ཞིབ་བཤེར་བྱེད་པའི་རླངས་འཁོར་གྱི་རིགས་མང་དུ་གཏོང་བ་བཅས་བྱས་ནས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་དོ་དམ་ནན་པོ་དང་ཞིབ་བཤེར་ནན་པོ་ཏན་ཏིག་བྱེད་རྒྱུ་ཡིན་པ་རེད།

    《ཇུས་གཞིའི》ནང་བླང་བྱ་བཏོན་དོན། རླངས་འཁོར་གྱི་སྒྲིག་ལམ་ལ་དོ་དམ་ནན་པོ་བྱེད་པའི་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ་འགག་རྩའི་མཚམས་ཚིགས་ལ་དམ་འཛིན་གྱིས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་བཅོས་སྒྲིག་བྱེད་པའི་གཅིག་གྱུར་བྱ་སྤྱོད་སྤེལ་དགོས་པ་དང་། སྤྱིར་བཏང་གི་རྒྱལ་ལམ་དང་ཞིང་ཆེན་ལམ་གཙོ་གནད་དུ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཞབས་ཞུའི་ལས་དོན་བཀོད་སྒྲིག་བྱེད་པ་དང་། ལས་འཛོལ་ཐོན་མང་བ་དང་སྒྲིག་ལམ་ཟང་ཟིང་ཆེ་བའི་ལམ་དུམ་གྱི་བརྙན་ལམ་སྐོར་ཞིབ་དང་ལམ་ངོས་ཀྱི་སྐོར་གཡེང་ལ་ཤུགས་སྣོན་རྒྱག་པ། “ཡུལ་སྐོར་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་དང་། ཉེན་ཡོད་དངོས་རྫས་སྐྱེལ་འདྲེན་རླངས་འཁོར། ཤོག་སྦག་སྐྱེལ་འདྲེན་རླངས་འཁོར”སོགས་གཙོ་གནད་རླངས་འཁོར་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། མྱུར་ཚད་ལས་བརྒལ་བ་དང་། ལམ་ལྡོག་ནས་སྐྱོད་པ། ཤོང་ཚད་ལས་བརྒལ་བ། ཁྲིམས་འགལ་ངང་འཁོར་ལམ་སྒྱུར་བ། གཞན་གྱི་འཁོར་ལམ་བཟུང་བ་སོགས་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ནན་པོ་བྱེད་དགོས་པ། སློབ་མ་སློབ་གྲྭ་ཚུགས་པ་དང་གྲོལ་བ་དང་ལས་མི་གཅིག་སྡུད་ཐོག་སྐྱེལ་འདྲེན་བྱེད་པ་དང་། ཞིང་པ་ཉོ་ཚོང་ལ་འགྲོ་བ་སོགས་ཀྱི་དུས་མཚམས་གལ་ཆེན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། གྲོང་གསེབ་ཀྱི་ལམ་མདོ་དང་རི་ཁུལ་གྱི་གཞུང་ལམ་འགག་མདོར་དམ་འཛིན་ནན་པོ་བྱེད་པ་དང་། གྲོང་གསེབ་ཀྱི་སློབ་གྲྭའི་སྒོ་འགྲམ་དང་དེ་བཞིན་མཐའ་འཁོར་གྱི་གཞུང་ལམ་ཚོད་འཛིན་ནན་པོ་བྱེད་པ། སྐོར་སྐྱོད་ཁྲིམས་སྐྱོང་རུ་ཆུང་སྒྲིག་འཛུགས་བྱས་ནས་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་། སློབ་མ་སྐྱེལ་བསུའི་རླངས་འཁོར་ལ་གཙོ་གནད་ཐོག་ཞིབ་བཤེར་བྱེད་པ་བཅས་བྱས་ནས“འགྲོ་ལུགས་གཉེར་མེད་པའི་སློབ་འཁོར”དང་མི་སྣ་ཚད་ལས་བརྒལ་ནས་བླུགས་པ་དང་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱ་སྤྱོད་ཚབས་ཆེན་ལ་ཞིབ་བཤེར་ནན་པོ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།