[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྐད་འཕྲིན་གྲོགས་ཚོགས་སུ་འཛུལ་ནས་བྲོས་བྱོལ་གྱི་ཞུ་སྦྱོར་ཕྱི་མ་བཙལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    དབྱང་ཆེ་གེ་མོ་ནི་ལྷོ་ཁའི་འཛུགས་སྐྲུན་རྒྱུ་ཆ་ཀུང་སི་ཞིག་གི་ཁྲིམས་མི་རེད། 2017ལོར་མྱུར་བགྲོད་གཞུང་ལམ་སྐྲུན་སྐབས་ཐང་ཆེ་གེ་མོའི་ས་ནས་རྡོ་ཞོ་དང་གཏེར་ཕྱེ་སོགས་རྒྱུ་ཆ་ཉོས་པའི་དངུལ་དང་། སྐྱེལ་འདྲེན་གླ་ཆ། དངུལ་བུན་སོགས་བསྡོམས་སྒོར་192490ཟིན། དེའི་རིང་དབྱང་ཆེ་གེ་མོས་ཀུང་སིའི་ཚབ་བྱས་ཏེ་ཐང་ཆེ་གེ་མོར་དངུལ་རྩིས་བརྒྱབ་པ་དང་འབྲེལ་ཆད་འཛིན་སྤྲད། འོན་ཀྱང་མི་གཉིས་དབར་གྱི་ཁ་ཆད་དངུལ་སྤྲོད་ཀྱི་དུས་ཚོད་སླེབས་ཀྱང་དབྱང་ཆེ་གེ་མོ་དང་ལྷོ་ཁའི་འཛུགས་སྐྲུན་ཀུང་སི་ག་གེ་མོས་དུས་བཀག་ལྟར་ཆད་པའི་དངུལ་མ་སྤྲད། ཐང་ཆེ་གེ་མོས་དབྱང་ཆེ་གེ་མོ་བུ་ལོན་དེད་ཀྱང་མ་སྤྲད་ལ་ཀུང་སིའི་ནང་མི་མཐོང་རྒྱུ་མེད། དེ་ནས་བཟུང་དབྱང་ཆེ་གེ་མོ་ཞི་མི་ལྟར་ཡིབ་ནས་བསྡད།

    སྐྱེལ་འདྲེན་གླ་ཆ་དང་། རྒྱུ་ཆ། དེ་བཞིན་དུས་རྗེས་ཀྱི་ཁ་ཆད་དང་འགལ་བའི་དངུལ་བཅས་བསྣན་ན་སྒོར་ཁྲི་25ལས་བརྒལ་། དངུལ་གཡར་མཁན་གང་སོང་མེད་པ་དང་ཆད་དངུལ་ལེན་མི་ཐུབ་པས། ཐང་ཆེ་གེ་མོས་ཁྲིམས་ཁང་ལ་ཁོ་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་རེ་བ་བཅོལ། ཁྲིམས་དཔོན་འཇམ་དབྱངས་ཆོས་སྒྲོན་གྱིས་གྱོད་གཞི་དེ་བདག་སྤྲོད་བྱེད་སྐབས་དཀའ་ངལ་མང་པོ་འཕྲད། ཁ་པར་བརྒྱབ་ཀྱང་ལེན་མཁན་མེད་པ་དང་། འཕྲིན་ཐུང་བསྐུར་ཡང་ཨ་ལན་བྱེད་མཁན་མེད་པ། ཐོ་བཀོད་བྱེད་གནས་སུའང་མི་དེ་འཚོལ་མི་ཐུབ་པ་བཅས་སྐབས་ཤིག་རིང་ཞུ་གཏུགས་དཔྱད་ཡིག་ཀྱང་སྐྱེལ་ས་མེད་པར་ལུས།

    དཀའ་ངལ་དེ་འདྲ་འཕྲད་ཀྱང་འཇམ་དབྱངས་ཆོས་སྒྲོན་གྱི་ཆོད་སེམས་གཏན་ནས་ཉམས་མེད། ཁོང་གིས་དབྱང་ཆེ་གེ་མོའི་ཁ་པར་ཨང་གྲངས་དང་སྐད་འཕྲིན་མཉམ་དུ་བཟོས་མེད་དམ་སྙམ་ནས། ཚོང་པ་ཡིན་ཁུལ་བྱས་ཏེ་ཞུ་སྦྱོར་ཕྱི་མའི་སྐད་འཕྲིན་ནང་འཛུལ་བའི་རེ་ཞུ་ཐེངས་མང་བྱས་མཐར། སྐད་འཕྲིན་ནང་འཛུལ་ཐུབ་ཙམ་བྱུང་། དེ་རྗེས་ཀྱི་ཉིན་ཁ་ཤས་ནང་འཇམ་དབྱངས་ཆོས་སྒྲོན་གྱིས་ཕྱོགས་གཅིག་ནས་དབྱང་ཆེ་གེ་མོའི་གནས་ཚུལ་ཤེས་རྟོགས་དང་གཅིག་ཤོས་ནས་དབྱང་ཆེ་གེ་མོའི་གྲོགས་ཚོགས་ཀྱི་མི་ཡིན་ཁུལ་བྱས་ཏེ་ལྟ་ཞིབ་བྱས་མཐར་དབྱང་ཆེ་གེ་མོ་གང་དུ་ཡོད་མེད་ཤེས།

    དབྱང་ཆེ་གེ་མོས་རྒྱུན་དུ་སྐད་འཕྲིན་གྲོགས་ཚོགས་སུ་རང་ཉིད་ཀྱི་གནས་ཚུལ་བསྐུར་གྱི་ཡོད། ཟླ་བ་བདུན་པར་བཞག་པའི་གན་རྒྱ་ཞིག་ལས་ཁོ་པ་གནས་སའི་ཀུང་སིའི་མིང་དང་གནས་ཡུལ་གསལ་པོ་ཤེས་རྗེས། འཇམ་དབྱངས་ཆོས་སྒྲོན་གྱིས་ཉིན་གཉིས་པའི་ཞོགས་པ་རླངས་འཁོར་བཏང་སྟེ་ཁུལ་ཆུང་དེར་བསྐྱོད། ཁྲིམས་ཁང་གི་ལས་གོས་གྱོན་པའི་མི་མཐོང་སྐབས་དབྱང་ཆེ་གེ་མོས་རང་ཉིད་འཛོར་བ་ཤེས།

    དེ་རྗེས་འཇམ་དབྱངས་ཆོས་སྒྲོན་གྱིས་སེམས་རྩ་འཁོལ་པོས་ཁ་ཏ་བསླབ་བྱ་དང་ཁྲིམས་ལུགས་ཀྱི་གནས་ཚུལ་ཞིབ་ཕྲ་བཤད་རྗེས། དབྱང་ཆེ་གེ་མོས་རང་འགུལ་ངང་ཞུ་སྦྱོར་སྔ་མར་འབྲེལ་བ་བྱས་ཏེ་བར་འདུམ་བྱ་རྒྱུའི་རེ་བ་བཏོན། ཐང་ཆེ་གེ་མོ་དང་དབྱང་ཆེ་གེ་མོ་ནི་ཕ་ཡུལ་གཅིག་པ་ཡིན་པས་དབྱང་ཆེ་གེ་མོས་བུ་ལོན་འདེད་པར་ཁོང་ཁྲོ་ཆེན་པོ་བྱས། འོན་ཀྱང་མཐར་ཕྱོགས་གཉིས་པོས་ཆད་དངུལ་སྤྲོད་པའི་བྱེད་ཐབས་དང་དུས་བཅད་ལ་ཞི་གྲོས་བྱུང་བ་རེད།

    འཇམ་དབྱངས་ཆོས་སྒྲོན་གྱིས་སྐད་འཕྲིན་གྲོགས་ཚོགས་ཀྱི་མི་ཡིན་ཁུལ་བྱས་ཏེ་ཞུ་སྦྱོར་ཕྱི་མ་རྙེད་པ་དང་གྱོད་གཞི་དེ་མཇུག་བསྒྲིལ་བ་མ་ཟད། དཔལ་འབྱོར་གྱི་རྩོད་གཞི་ཐག་གཅོད་བྱུང་བ་དང་ཆབས་ཅིག དོ་བདག་དབར་གྱི་འགལ་ཟླ་སེལ་ཐུབ་པ་བྱུང་བ་དང་འབྲེལ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་མའང་ཐེབས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།