[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་ཀྱིས་བདལ་གཏོང་རླངས་འཁོར་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ།

    ཆུ་ཚོད་མ་བཀག་པར་གང་བྱུང་དུ་བདལ་གླ་བླངས་པས་ཁ་ལོ་བ་མང་པོ་ཞིག་ལ་ཆད་པ་ཕོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    liy99615_s.jpg

    འདི་ནི་བདལ་གཏོང་རླངས་འཁོར་ཀུང་སིའི་ལས་དོན་པས་གྲོང་ཁུལ་དུ་བསྐྱོད་ནས་ཞིབ་བཤེར་བྱེད་བཞིན་པ།

    གྲོང་ཁྱེར་གྱི་ཤེས་དཔལ་གྱི་གཟུགས་བརྙན་ལེགས་སུ་གཏོང་བ་དང་། བདལ་གཏོང་རླངས་འཁོར་ལས་རིགས་ཁྲོད་ཐོན་པའི་ཟང་ཟིང་ཆེ་བའི་སྣང་ཚུལ་བཅོས་སྒྲིག་བྱ་ཆེད། ནག་སེལ་གཤེད་བཅོམ་དང་ལོག་སེལ་ཟིང་བཅོས་བྱེད་དགོས་པའི་སྐོར་གྱི་ལྗོངས་འགྲིམ་འགྲུལ་ཐིང་དང་། ལྗོངས་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས། ལྷ་ས་གྲོང་ཁྱེར་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་བཅས་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་ཀུང་སི་གཉིས་ཀྱིས་བདལ་གཏོང་རླངས་འཁོར་གྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་6ཚེས་20ཉིན་ནས་ཟླ་9ཚེས་10ཉིན་བར་ཆེད་དོན་བཅོས་སྒྲིག་བྱེད་རིང་། ལྷ་ས་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་བདག་སྤྲོད་ལྟེ་གནས་ལ་ཞུ་གཏུག་ཁག་729བརྒྱབ་ཡོད།

    1 ཆུ་ཚོད་མ་བཀག་པར་བདལ་གླ་གང་བྱུང་བླངས་པས་ཁ་ལོ་བར་འགྲུལ་པ་ཉིན་གཉིས་དབོར་མཚམས་འཇོག་ཏུ་བཅུག་པ།

    གྲོང་མི་བཀྲ་ཆེ་གེ་མོ་གྲོང་ཁྱེར་ནུབ་འདབས་ཀྱི་འགྲུལ་སྐྱེལ་ས་ཚིགས་ནས་བདལ་གཏོང་རླངས་འཁོར་ཞིག་བཀག་སྟེ་འབྲས་སྤུངས་བར་སྐྱོད་སྐབས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ཆུ་ཚོད་མ་བཀག་པར་སྒོར་30བླངས་པ་དང་། གྲོང་མི་ཝང་ཆེ་གེ་མོ་ཧུའུ་ཐོའི་ལི་རོལ་དབྱངས་ཨར་ཁང་ཕྱི་ནས་བདལ་གཏོང་རླངས་འཁོར་ཞིག་བཀག་ཏེ་སེ་ར་ལྷོ་ལམ་དུ་སྐྱོད་སྐབས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ཆུ་ཚོད་མ་བཀག་པ་དང་བདལ་གླ་སྤྲོད་རྒྱུའི་ཐད་གྲོས་མཐུན་མི་གཅིག་མཐར་འགྲུལ་པ་རླངས་འཁོར་ནས་བབ་ཏུ་བཅུག་པ། གྲོང་མི་ཚེ་ཆེ་གེ་མོ་ཝུན་ཀྲོའུ་ཚོང་ཁྲོམ་ནས་བདལ་གཏོང་རླངས་འཁོར་ཞིག་བཀག་ཏེ་ལྗོངས་ས་ངོས་སྲུང་སྐར་བསྡུ་ལེན་ས་ཚིགས་སུ་སྐྱོད་སྐབས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ཆུ་ཚོད་མ་བཀག་པར་ཐད་ཀར་སྒོར་15བླངས་པ་རེད།

    ལྷ་ས་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱིས་གོང་གསལ་གྱི་སྒྲིག་འགལ་ཁ་ལོ་བར་འགྲུལ་པ་ཉིན་གཉིས་དབོར་མཚམས་འཇོག་རྒྱུ་དང་། བདལ་གཏོང་རླངས་འཁོར་གྱི་དོ་དམ་བྱ་ཐབས་སློབ་སྦྱོང་བྱ་རྒྱུ། ཁས་ལེན་ཡི་གེ་འབྲི་རྒྱུ། དེ་བཞིན་གྲོང་མིར་དགོངས་དག་ཐུགས་བདེན་ཞུ་རྒྱུ་བཅས་ཀྱི་ཆད་པ་བཅད་ཡོད།

    དེ་དང་དུས་མཚུངས། བདལ་གཏོང་རླངས་འཁོར་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་མཁན་ཞིག་གིས་ཧའེ་ལེང་ཞང་ཡུན་ཧྭ་ཧྥུ་ནས་བདལ་གཏོང་རླངས་འཁོར་ཞིག་བཀག་སྟེ་ལྷ་ས་འགྲིམ་འགྲུལ་ཐོན་ལས་ཚོགས་པར་སྐྱོད་སྐབས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ཆུ་ཚོད་མ་བཀག་པར་སྒོར་15བླངས་པ་རེད། བདལ་གཏོང་རླངས་འཁོར་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་མཁན་དེས་གནས་ཚུལ་དེ་ལྷ་ས་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིར་སྙན་སེང་ཞུས་པ་དང་། ཀུང་སིས་འཕྲལ་མ་ཉིད་དུ་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱས་རྗེས། མཐར་ཁ་ལོ་བ་དེར་སློབ་གསོ་རྒྱག་རྒྱུའི་ཐག་གཅོད་བྱས་པ་རེད།

    2 མི་ལྔས་རླངས་འཁོར་གཅིག་བཀག་པས་ཁ་ལོ་བས་མ་བླུཌ་པའི་བྱེད་སྤྱོད་ལ་ཀུང་སིས་ཞུ་གཏུག་དང་ལེན་བྱས་མེད་ཅེས་བརྗོད།

    ཉེ་ཆར། གྲོང་མི་ཀྲང་ཆེ་གེ་མོས་ཁ་ལོ་བ་ཞིག་གིས་འགྲུལ་པ་མ་དབོར་བ་རྒྱུ་མཚན་དུ་བྱས་ནས་ལྷ་ས་བདལ་གཏོང་རླངས་འཁོར་ཀུང་སིའི་ཞུ་གཏུག་ལྟེ་གནས་སུ་ཞུ་གཏུག་བརྒྱབ། གསར་འགོད་པར་ཤེས་རྟོགས་བྱུང་བར། དེ་ཉིན། ཀྲང་ཆེ་གེ་མོ་དང་དེའི་གྲོགས་པོ་བཞི་ཡིས་བདེ་སྐྱིད་ལམ་ནས་བདལ་གཏོང་རླངས་འཁོར་ཞིག་བཀག་ཏེ་རྣམ་སྲས་མེ་ཏོག་ལྡུམ་རར་འགྲོ་རྩིས་བྱེད་སྐབས། བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་མི་མང་པོ་ཡོད་པ་མཐོང་ནས་མི་ཁག་གཅིག་བདལ་གཏོང་རླངས་འཁོར་གཞན་ཞིག་ལ་སྡོད་རྒྱུའི་ཁ་ཏ་བྱས། འོན་ཏེ་ཁོང་ཚོས་རླངས་འཁོར་གཞན་ནང་འགྲོ་འདོད་མ་བྱས་པར་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དེ་ཞུ་གཏུག་བརྒྱབ་པ་རེད།

    ཞུ་གཏུག་བདག་སྤྲོད་ལྟེ་གནས་ཀྱིས་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱས་རྗེས་ཆད་པ་མི་གཅོད་རྒྱུའི་ཐག་བཅད་པ་དང་འབྲེལ་ཞུ་གཏུག་དང་ལེན་བྱས་མེད་ཅེས་བརྗོད་པ་རེད། རྒྱུ་མཚན་ནི། རྒྱལ་ཁབ་ཀྱི་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་། བདལ་གཏོང་རླངས་འཁོར་གྱི་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་སྟེང་ཐེག་ནུས་མི་5ཡིན་པའི་གཏན་འཁེལ་བྱས་ཡོད་པ་དང་། ཁ་ལོ་བ་ཕུད་འགྲུལ་པ་མི་བཞི་ལས་བླུགས་ཆོག་གི་མེད་པ་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། ཟླ་6ཚེས་20ཉིན་ནས་ཟླ་9ཚེས་10ཉིན་བར་ཆེད་དོན་བཅོས་སྒྲིག་བྱེད་རིང་། ལྷ་ས་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་ཞུ་གཏུག་བདག་སྤྲོད་ལྟེ་གནས་ལ་ཞུ་གཏུག་ཁག་ཐེངས་729བརྒྱབ་ཡོད། དེའི་ནང་འགྲུལ་པ་མ་དབོར་བའི་ཞུ་གཏུག་བརྒྱབ་པའི་གྱོད་གཞི་136ཡོད་པ་དེས་ཕྱོགས་བསྡུས་ཞུ་གཏུག་ལས་གྲུབ་20%བཟུང་བ་དང་། བདལ་གླ་གང་བྱུང་དུ་བླངས་པའི་ཞུ་གཏུག་བརྒྱབ་པའི་གྱོད་གཞི་352ཡོད་པ་དེས་ཕྱོགས་བསྡུས་ཞུ་གཏུག་ལས་གྲུབ་48%བཟུང་བ། འགྲུལ་པ་མཉམ་དུ་བླུགས་པ་ཞུ་གཏུག་བརྒྱབ་པའི་གྱོད་གཞི་74ཡོད་པ་དེས་ཕྱོགས་བསྡུས་ཞུ་གཏུག་ལས་གྲུབ་10%བཟུང་བ། ལམ་བསྐོར་ནས་བསྐྱོད་པ་ཞུ་གཏུག་བརྒྱབ་པའི་གྱོད་གཞི་32ཡོད་པ་དེས་ཕྱོགས་བསྡུས་ཞུ་གཏུག་ལས་གྲུབ་4%བཟུང་བ། རྣམ་འགྱུར་ཡག་པོ་མེད་པ་ཞུ་གཏུག་བརྒྱབ་པའི་གྱོད་གཞི་38ཡོད་པ་དེས་ཕྱོགས་བསྡུས་ཞུ་གཏུག་ལས་གྲུབ་5%བཟུང་བ། འགྲུལ་པ་དམིགས་སར་མ་བསྐྱལ་བ་ཞུ་གཏུག་བརྒྱབ་པའི་གྱོད་གཞི་97ཡོད་པ་དེས་ཕྱོགས་བསྡུས་གྱོད་གཞི་ལས་གྲུབ་13%བཟུང་བ་བཅས་གོང་གསལ་གྱི་གྱོད་གཞི་དེ་དག་ཚང་མ་ལྷ་ས་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཐག་གཅོད་བྱེད་ཚད་100%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།