[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • གཉེན་སྒྲིག་ཐོ་འགོད་བྱེད་སྐབས་ལག་ཁྱེར་དང་འདྲ་པར་འདི་དག་ངེས་པར་དུ་འཁྱེར་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    གཉེན་སྒྲིག་བྱ་རྒྱུ་ནི་མི་ཚེའི་དོན་ཆེན་ཞིག་ཡིན་པས། ཧ་རི་ཧུ་རི་གཏན་ནས་བྱེད་མི་རུང་ཞེས་ཤོད་སྲོལ་ཡོད་ཅིང་། ཚང་མ་གཉེན་སྒྲིག་ཐོ་འགོད་བྱེད་པར་སྟབས་བདེ་ཡོང་ཆེད། ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཉེན་སྒྲིག་ཐོ་འགོད་བྱེད་ས་ནས་གཉེན་སྒྲིག་ཐོ་འགོད་བྱེད་སྟངས་སམ་གཉེན་སྒྲིག་ལག་ཁྱེར་གསབ་གཉེར་བྱེད་པའི་འབྲེལ་ཡོད་བརྒྱུད་རིམ་ཤེས་རྟོགས་ཞིབ་ཕྲ་བྱས་པ་ཡིན།

    ཚང་མས་ཤེས་གསལ་ལྟར། ད་ཆ་གཉེན་སྒྲིག་ཐོ་འགོད་ཀྱི་གྲོན་དངུལ་མེད་པ་བཟོས་ཡོད། འོན་ཀྱང་གཉེན་སྒྲིག་ཐོ་འགོད་བྱེད་སར་སྐྱོད་སྐབས་ང་ཚོས་སྔོན་ཚུད་ནས་གྲ་སྒྲིག་ཁག་གཅིག་བྱེད་དགོས་པ་སྟེ། གཅིག་ནས་གཉེན་སྒྲིག་ཐོ་འགོད་བྱེད་པར་ངེས་པར་དུ་ལོ་ཚད་ལོན་དགོས་པ་དང་། 《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》(རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་387པ)དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》 《བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས〉ལག་བསྟར་བྱ་རྒྱུའི་བབ་བསྟུན་སྲོལ་ཡིག》བཅས་ཀྱི་གཏན་འབེབས་གཞིར་བཟུང་། གཉེན་སྒྲིག་བྱེད་མཁན་གྱི་སྐྱེས་པ་ངེས་པར་དུ་ལོ་22དང་བུད་མེད་ལོ་20ལ་སླེབས་དགོས་པ་དང་། གྲངས་ཉུང་མི་རིགས་ཡིན་ཚེ། སྐྱེས་པ་ལོ་20དང་བུད་མེད་ལོ་18ལ་སླེབས་དགོས་པ་དང་ཆབས་ཅིག ཕོ་མོ་གཉིས་ཀས་ངེས་པར་དུ་ཕྱོགས་གཅིག་གི་ཐེམ་ཐོ་གནས་ཡུལ་གྱི་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་བསྐྱོད་དེ་གཉེན་སྒྲིག་ཐོ་འགོད་ཀྱི་རེ་ཞུ་འབུལ་དགོས།

    གཉིས་ནས་གཉེན་སྒྲིག་ཐོ་འགོད་བྱེད་སྐབས་གོ་རིམ་བཞིན་འགྲོ་ལུགས་གཉེར་དགོས་ཤིང་། ཁྲེང་ཀོན་ཆུས་གཉེན་སྒྲིག་ཐོ་འགོད་བྱེད་སའི་ལས་དོན་མི་སྣས། གཉེན་སྒྲིག་ཐོ་འགོད་བྱེད་པའི་གོ་རིམ་ནི་རེ་ཞུ་འབུལ་བ་དང་གཉེན་སྒྲིག་རེ་ཞུའི་ཐག་གཅོད་རེའུ་མིག་དང་ཐོ་འགོད་རེའུ་མིག་བརྒྱངས་རྗེས་ལས་དོན་མི་སྣས་ས་གནས་ས་ཐོག་ཏུ་ལག་ཁྱེར་གཉེར་རོགས་བྱེད་ཀྱི་ཡོད། “གཉེན་སྒྲིག་ལག་ཁྱེར་སྤྲད་པ་ནས་བཟུང་གོ་ཆོད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། གཉེན་སྒྲིག་ལག་ཁྱེར་ལེན་སྐབས་གཉེན་སྒྲིག་བྱེད་མཁན་ཕྱོགས་གཉིས་པོའི་ཐེམ་ཐོ་དང་། ཐོབ་ཐང་ལག་ཁྱེར(དམག་མིའི་ལག་ཁྱེར་རམ་དམག་དཔོན་གྱི་ལག་ཁྱེར་དང་། དམག་མིའི་གཉེན་སྒྲིག་ཐོ་འགོད་དཔང་ཡིག) དེ་བཞིན་ཚོན་གཉིས་ཀྱི་མཉམ་པར་གསུམ་བཅས་མཁོ་འདོན་བྱེད་དགོས། གཉེན་སྒྲིག་ལག་ཁྱེར་གསབ་གཉེར་བྱེད་པར་གཉེན་སྒྲིག་བྱེད་མཁན་ཕྱོགས་གཉིས་པོའི་ཐེམ་ཐོ་དང་། ཐོབ་ཐང་ལག་ཁྱེར(དམག་མིའི་ལག་ཁྱེར་རམ་དམག་དཔོན་གྱི་ལག་ཁྱེར་དང་། དམག་མིའི་གཉེན་སྒྲིག་ཐོ་འགོད་དཔང་ཡིག)མཁོ་འདོན་བྱེད་དགོས།

    གཞན་ཡང་། ལས་དོན་པས་གསར་འགོད་པར། 1988ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་གཉེན་སྒྲིག་ཡིག་ཚགས་བཟོ་འགོ་བརྩམས་པ་དང་། གཉེན་སྒྲིག་ལག་ཁྱེར་གསབ་གཉེར་བྱེད་སྐབས་ཡིག་ཚགས་ནང་ཕོ་མོ་ཕྱོགས་གཉིས་ཀྱི་གཉེན་སྒྲིག་ཟིན་ཐོ་འཁོད་མེད་ཚེ། ངེས་པར་དུ་འབྲེལ་ཡོད་ཀྱི་བདེན་དཔང་ལ་བརྟེན་ནས་གཉེན་སྒྲིག་འབྲེལ་བ་ར་སྤྲོད་བྱེད་དགོས། འོན་ཀྱང་ཡིག་ཚགས་ནང་ཟིན་ཐོ་ཡོད་ཚེ་བདེན་དཔང་མཁོ་འདོན་བྱེད་མི་དགོས་ཞེས་བརྗོད།

    “གཉེན་སྒྲིག་ཐོ་འགོད་དང་བསྐྱར་དུ་གཉེན་སྒྲིག་བྱེད་པའི་གོ་རིམ་ཕལ་ཆེར་འདྲ་པོ་ཡིན་ཏེ། བསྐྱར་དུ་གཉེན་སྒྲིག་ལག་ཁྱེར་ལེན་པར་གཉེན་སྒྲིག་དོ་བདག་ཕྱོགས་གཉིས་ཀྱི་ཐེམ་ཐོ་དང་། ཐོབ་ཐང་ལག་ཁྱེར(དམག་མིའི་ལག་ཁྱེར་རམ་དམག་དཔོན་གྱི་ལག་ཁྱེར་དང་། དམག་མིའི་གཉེན་སྒྲིག་ཐོ་འགོད་དཔང་ཡིག) དེ་བཞིན་ཚོན་ཀྱི་མཉམ་པར་གསུམ་བཅས་དགོས་པ་ཕུད། ད་དུང་གཉེར་འཐོར་ལག་ཁྱེར་འཁྱེར་དགོས”ཞེས་ལས་དོན་པས་བརྗོད།

    གལ་སྲིད་ཁ་གསལ་པོ་མ་བྱུང་ཚེ་ཁ་པར་ཨང་གྲངས་0891-6321590ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།