[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཡིག་རྒྱུགས་ཆེ་ཁག་བཞིའི་རིང་སློབ་མའི་ལྕེ་ཐོག་གི་བདེ་འཇགས་ལ་འགན་ལེན་བྱེད་པ།

    ལྷ་ས་གྲོང་ཁྱེར་གྱིས་སློབ་གྲྭ་དང་དེ་བཞིན་ཉེ་འགྲམ་གྱི་བཟའ་བཅའི་བདེ་འཇགས་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    ལོ་ལྟར་གྱི་ཟླ་6པ་ནི་ཡིག་རྒྱུགས་ཆེ་ཁག་གཏོང་བའི་དུས་ཚོད་ཡིན་པས་ཡིག་རྒྱུགས་གཏོང་རིང་རྒྱ་ཆེའི་ཡིག་རྒྱུགས་ལ་ཞུགས་མཁན་སློབ་མ་ཚོའི་བཟའ་བཅའི་བདེ་འཇགས་འགན་ལེན་བྱེད་ཆེད། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཡིག་རྒྱུགས་ཆེ་ཁག་བཞིའི་རིང་བཟའ་བཅའི་བདེ་འཇགས་ཞིབ་བཤེར་གྱི་ཇུས་གཞི་བཟོས་ནས་རྒྱུགས་ར་དང་སློབ་གྲྭའི་ཉེ་འགྲམ་གྱི་བཟའ་འཐུང་ཞབས་འདེགས་ཚན་པར་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    སློབ་གྲྭའི་བཟའ་བཅའི་བདེ་འཇགས་ཞིབ་བཤེར་སྔ་སྣུར་དུ་ཡག་པོ་བསྒྲུབས་ནས་བཟའ་བཅའི་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་མེད་པར་བཟོ་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའི་འགྲོ་རྒྱུག་ལྟ་འདོམས་ཁོའོ་དང་བཟའ་བཅའ་ཐོན་སྐྱེད་ལྟ་འདོམས་ཁོའི་ཁྲིམས་འཛིན་མི་སྣ་རྒྱུགས་ར་ཁག་ཏུ་བཏང་ནས་སློབ་གྲྭའི་ཟ་ཁང་གི་ལས་མིའི་བདེ་ཐང་ལག་ཁྱེར་དང་། བཟའ་བཅའི་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་ཞིབ་བཤེར། ལས་སྣོན་གྱི་འགག་རྩའི་ལྷུ་ཚིགས། ལྟོ་སྣོད་འཁྲུ་བ་དང་དུག་སེལ། དེ་བཞིན་བཟའ་བཅའི་སྨན་སྣ་སྤྱོད་ཚུལ། བཟའ་བཅའི་མ་དཔེ་འཇོག་པའི་དོ་དམ་སོགས་ནང་དོན་གཙོ་བོར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་། མངའ་རིས་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་། ལྷ་ས་སློབ་འབྲིང་སོགས་ཀྱི་སློབ་གྲྭའི་ཟ་ཁང་ལ་ཞིབ་བཤེར་བྱས་པ་རེད། སློབ་གྲྭ་རེར་འབྱོར་རིམ་བཞིན་ཞིབ་བཤེར་ཚོགས་ཆུང་གིས་སློབ་གྲྭའི་ཐབ་ཚང་དང་། གཉེར་ཚང་། འབྲས་དང་གྲོ་ཞིབ་འཇོག་ཁང་། སྨན་སྣ་འཇོག་ཡུལ་སོགས་སུ་བསྐྱོད་དེ་འཕྲོད་བསྟེན་གྱི་གནས་ཚུལ་ཞིབ་བཤེར་ཞིབ་ཚགས་བྱས་པ་དང་། བཟའ་བཅའི་མ་བཅོས་རྒྱུ་ཆ་ཐོན་སྐྱེད་ཀྱི་ཡུན་ཆེད་ལ་ཞིབ་བཤེར་བྱས་པ། དུག་སེལ་དང་། རྩིས་ཁྲ། འཐེན་བཤེར། མ་དཔེ་འཇོག་པ། འཕྲོ་བརླག་ཕྱིན་པ་སྙན་ཞུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་གྱི་གནས་ཚུལ་ལ་ལྟ་བ། སློབ་སྤྱིས་མཉམ་དུ་ཁ་ལག་ཟ་བའི་ལམ་ལུགས་ལག་བསྟར་གྱི་གནས་ཚུལ་སོགས་ལ་སྐད་ཆ་དྲིས་པ་རེད།

    ཁྲིམས་འཛིན་མི་སྣས་ད་དུང་བཟའ་བཅའི་མ་བཅོས་རྒྱུ་ཆ་འཐེན་ཡུལ་ལ་ཞིབ་བཤེར་ནན་པོ་བྱས་པ་དང་གཙོ་བོ་མཁོ་སྤྲོད་ཕྱོགས་ཀྱི་ཆོག་འཐུས་ལག་ཁྱེར་དང་། ཤ་རིགས་ཞིབ་བཤེར་གྱི་ཚད་ལོན་ལག་ཁྱེར། རྒྱུ་ཆ་འཐེན་པའི་དཔང་འཛིན་ནམ་ཡང་ན་སྤ་སེ་སོགས་ལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག འབྲེལ་ཡོད་འགན་ཁུར་བར་མུ་མཐུད་བཟའ་བཅའ་ཉོ་སྐབས་ཞིབ་བཤེར་རྩིས་ལེན་གྱི་ཟིན་ཐོ་ཡག་པོ་བཀོད་དེ་བཟའ་བཅའི་ཡོང་ཁུངས་རྩད་ཆོད་བྱེད་ས་ཡོད་དགོས་པའི་སྐུལ་མ་བཏང་བ་རེད། སློབ་གྲྭའི་འབྲེལ་ཡོད་འགན་ཁུར་བར་བཟའ་བཅའི་བདེ་འཇགས་ཀྱི་བྱེད་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་ལས་ཀ་བྱེད་མཁན་གྱི་བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཡིག་རྒྱུགས་ཆེ་ཁག་བཞི་ལ་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་མངགས་བཅོལ་བྱས་པ་རེད།

    གཞན་ཡང་། ཁྲིམས་འཛིན་མི་སྣས་སློབ་གྲྭའི་སྒོ་རྩིས་ཚོང་ཁང་དང་ཙག་ཙིག་ཚོང་ཁང་ནས་འཚོང་བའི་ཐུམ་སྒྲིལ་གྱི་བཟའ་བཅའ་བཟའ་ཆོག་པའི་དུས་ཚད་ལས་བརྒལ་ཡོད་མེད་དང་། ཐཱན་སྐྱུར་བཏུང་བྱ་དང་འཚོང་མི་རུང་བའི་བཟའ་བཅའ་འཚོང་གི་ཡོད་མེད་ལ་ཞིབ་བཤེར་བྱས་པ་རེད། མིག་སྔའི་ཞིབ་བཤེར་གྱི་གནས་ཚུལ་ལ་གཞིགས་ན། སློབ་གྲྭ་མང་ཆེ་བའི་བཟའ་བཅའི་བདེ་འཇགས་ཀྱི་ཁོར་ཡུག་ཡག་པོ་ཡོད་མོད། འོན་ཀྱང་སློབ་གྲྭ་ཁག་གཅིག་གིས་བཟའ་བཅའ་ཉོ་ཡུལ་ནས་ཞིབ་བཤེར་ཡག་པོ་མ་བྱས་པ་སོགས་ཀྱི་གནས་ཚུལ་ཡོད་པ་རེད། ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་འབྲེལ་ཡོད་དོ་བདག་ལ་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བཀའ་བཏང་བ་རེད།

    གོམ་སྟབས་རྗེས་མར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གནད་དོན་ཡོད་པའི་སློབ་གྲྭའི་ཟ་ཁང་ལ་རྗེས་འདེད་བསྐྱར་འདྲི་བྱས་པ་དང་དུས་བཀག་ལ་སླེབས་རུང་དག་ཐེར་མི་བྱེད་མཁན་ལ་ཆད་པ་ནན་པོ་བཅད་དེ་འདི་ལོའི་རྒྱུགས་སྤྲོད་སློབ་མའི་བཟའ་འཐུང་ལ་བདེ་འཇགས་ཡོང་བར་བྱས་པ་དང་རྒྱུགས་སྤྲོད་སློབ་མའི་ལྕེ་ཐོག་གི་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།