[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁག་གཅིག་རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་གཅིག་སྡུད་རྩད་གཅོད་བྱེད་པའི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་ནས་བྱ་ཐབས་ནུས་ལྡན་སྤྱད་པ་བརྒྱུད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་39གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་གཉིས་བཟུང་བ་རེད།

    “3·28”ཀྲུའུ་ཆེ་གེ་མོས་དྲ་ཐོག་གི་ཉིས་བརྒྱུད་རླངས་འཁོར་འཚོང་མཁན་ཡིན་ཁུལ་བྱས་པའི་ཁ་བསླུས་གྱོད་གཞི་སྟེ། ཟླ་3ཚེས་28ཉིན་གྱི་ཆུ་ཚོད་14ཡོལ་ཙམ་ལ། ལྷ་ས་གྲོང་ཁྱེར་དུ་ཉིས་བརྒྱུད་རླངས་འཁོར་ཉོ་བའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཞིག་ཐོན་ཞིང་། འཚོང་མཁན་གྱིས“སྐད་འཕྲིན་ནས་ཁུག་དམར་བཏང་སྟེ་གཏའ་དངུལ་འཇོག་དགོས་པར”ཁ་གཡར་ཏེ་ལི་ཆེ་གེ་མོའི(འགྱུར་མིང་། སློབ་གྲྭར་འགྲོ་བཞིན་པའི་སློབ་ཆེན་སློབ་མ)ལག་ནས་སྒོར་1000ཁ་བསླུས་བརྒྱབ་ཡོད་པ་རེད། གྱོད་གཞི་ཐོན་རྗེས། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་སྟེ། རང་སྐྱོང་ལྗོངས་དང་ལྷ་ས་རིམ་པ་གཉིས་ཀྱི་ཁ་བསླུས་ལ་ངོ་རྒོལ་ལྟེ་གནས་ལ་གྱོད་གཞི་དེ་གང་མགྱོགས་རྩད་གཅོད་བྱས་ནས་སྤྱི་ཚོགས་ཐོག་གི་ཤུགས་རྐྱེན་ངན་པ་མེད་པར་བཟོ་དགོས་པ་དང་། རིམ་པ་གཉིས་ཀྱི་ཁ་བསླུས་ལ་ངོ་རྒོལ་ལྟེ་གནས་ལ་གྱོད་གཞི་ཞིབ་འཇུག་བརྡར་གཅོད་ཀྱི་ཚོགས་འདུ་འཕྲལ་དུ་ཚོགས་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཀྱིས་མྱུལ་ཞིབ་རྩད་གཅོད་དང་དཔང་ལེན་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད། མྱུལ་ཞིབ་རྩད་གཅོད་ཞིབ་ཚགས་བྱས་པ་བརྒྱུད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཉེས་པ་གསོག་ཡུལ་ཧུའུ་ནན་ཞིང་ཆེན་ཧྲོང་ཧྥེང་རྫོང་དུ་ཡོད་པ་གང་མགྱོགས་རྩད་ཆོད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་འཕྲལ་དུ་གྱོད་གཞི་དེའི་ཁུངས་སྣེ་གལ་ཆེན་ཧུའུ་ནན་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ལ་མཁོ་འདོན་བྱས་ཏེ། ཞིབ་བཤེར་རྩད་གཅོད་དོན་ཐོག་ཏུ་འཁྱོལ་རྒྱུར་གཞོགས་འདེགས་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཧུའུ་ནན་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་དང་ལོའུ་ཏི་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། འཕྲལ་དུ་ཧྲོང་ཧྥེང་རྫོང་སྤྱི་བདེ་ཅུས་ལ་གྱོད་གཞི་དེའི་ཁུངས་སྣེ་ཞིབ་བཤེར་རྩད་གཅོད་དོན་ཐོག་ཏུ་འཁྱོལ་རྒྱུ་བཀོད་སྒྲིག་བྱས་པ་རེད། ཟླ་4ཚེས་11ཉིན། ཧྲོང་ཧྥེང་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱི་མྱུལ་ཞིབ་པས་རྫོང་དེའི་དཔལ་འབྱོར་གསར་སྤེལ་ཁུལ་ནས་ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོ་བདེ་བླག་ངང་བཟུང་ཞིང་། དེ་ག་ནས་གྱོད་གཞི་རྩོམ་རིང་སྤྱོད་པའི་གློག་ཀླད་1དང་ལག་ཐོགས་ཁ་པར་9སྔོག་བཤེར་ཐུབ་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་འཕྲལ་དུ་ཆེད་དམིགས་གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པ་ཧྲོང་ཧྥེང་རྫོང་དུ་རྗེས་མཐུད་ཀྱི་མྱུལ་ཞིབ་ལས་དོན་སྤེལ་བར་མངགས་པ་རེད། འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཀྲུའུ་ཆེ་གེ་མོས་རང་ཉིད་ཀྱིས“དྲ་ཐོག་ནས་ཉིས་བརྒྱུད་གློག་སྒུལ་རླངས་འཁོར་འཚོང་བར”ཁ་གཡར་ཏེ་ཁ་བསླུས་ཀྱི་ཉེས་པ་བསགས་པའི་དོན་དངོས་ངོས་ལེན་ཞུས་པ་རེད། ཆེད་དམིགས་གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་རྩད་གཅོད་སྔར་བས་མཐའ་གསལ་བྱས་པ་བརྒྱུད། རང་ལྗོངས་ཀྱི་གྱོད་གཞི་གཞན་དག་3དང་ཞིང་ཆེན་གཞན་གྱི་གྱོད་གཞི་5དུས་གཅིག་ཏུ་རྩད་ཆོད་པ་རེད། ཀྲུའུ་ཆེ་གེ་མོར་ནད་གཞི་ལྕི་པོ(རིམ་པ་གཉིས་པའི་རྨས་སྐྱོན་ཕོག་པའི་ཁོངས་སུ་གཏོགས་པ)ཕོག་ཡོད་པར་བརྟེན། གོམ་སྟབས་རྗེས་མར་མྱུལ་ཞིབ་དཔང་ལེན་དང་གཏུག་བཤེར་གྱི་ལས་དོན་སྤེལ་བར་སྟབས་བདེ་ཡོང་བ་བྱ་ཆེད། གོང་རིམ་ལ་རེ་འདུན་ཞུས་པ་བརྒྱུད་ཆོག་མཆན་ཐོབ་ནས་ཆེད་དོན་གྱོད་གཞི་ཚོགས་ཆུང་གིས་རང་ལྗོངས་ཀྱི་གྱོད་གཞི་4ཁྲིམས་ལྟར་ཧུའུ་ནན་ཞིང་ཆེན་ལོའུ་ཏི་གྲོང་ཁྱེར་ཧྲོང་ཧྥེང་རྫོང་སྤྱི་བདེ་ཅུས་ལ་གཅིག་གྱུར་ཐོག་མྱུལ་ཞིབ་རྩད་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

    “4·01”བསྟན་ཆེ་གེ་མོས་སྐད་འཕྲིན་གྱི་ཚབ་གཉེར་ཚོང་པ་ཡིན་ཁུལ་བྱས་ཏེ་ཁ་བསླུས་བརྒྱབ་པའི་གྱོད་གཞི་སྟེ། ཟླ་4ཚེས་1ཉིན་གྱི་ཆུ་ཚོད་13ཡོལ་ཙམ་དུ། ལྷ་ས་གྲོང་ཁྱེར་དུ་སྐད་འཕྲིན་གྱི་ཚབ་གཉེར་ཚོང་པ་ཡིན་ཁུལ་བྱས་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞི་ཞིག་ཐོན་ཞིང་། “སྐད་འཕྲིན་གྱི་ཚབ་གཉེར་ཚོང་པ་ཡིན་ཁུལ་བྱེད་མཁན་དེས་སྐད་འཕྲིན་གྱི་ཚབ་གཉེར་ཚོང་པའི་གྲོན་དངུལ་འཇལ་རྒྱུར”ཁ་གཡར་ནས་མིག་ཆེ་གེ་མོ(འགྱུར་མིང)ཡི་ས་ནས་སྒོར་520ཁ་བསླུས་བརྒྱབ་ཡོད་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ལ་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་གྱིས་ཉེས་པ་གསོག་པའི་བརྒྱུད་རིམ་ཁྲོད། བོད་སྐད་བརྒྱབ་ནས་གནོད་འཚེ་ཕོག་མཁན་དང་སྐད་ཆ་ཤོད་རེས་ཐེངས་མང་བྱས་པའི་ཁུངས་སྣེ་གལ་ཆེན་རྩད་ཆོད་པ་མ་ཟད། ཉེས་གསོག་དོགས་ཅན་གྱིས་མཁོ་འདོན་བྱས་པའི་ཁ་པར་ཨང་གྲངས་དེ་བོད་ལྗོངས་ལྷོ་ཁའི་སྒུལ་བདེའི་ཁོངས་སུ་གཏོགས་ཡོད། མྱུལ་ཞིབ་མཐའ་གསལ་བྱས་པ་བརྒྱུད། ཆེད་དོན་གྱོད་གཞི་སྒྲུབ་མཁན་མི་དམངས་ཉེན་རྟོག་པས་བསྟན་ཆེ་གེ་མོར་ཉེས་གསོག་དོགས་གཞི་ཆེན་པོ་ཡོད་པ་མགྱོགས་མྱུར་རྩད་ཆོད་པ་རེད། ཟླ་4ཚེས་19ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཁྲིམས་བཞིན་བསྟན་ཆེ་གེ་མོ་ཁྲེན་ཏུའུ་རུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དོན་གཅོད་ཁང་དུ་སྐོང་འདྲི་བྱས་པ་རེད། འདྲི་ཞིབ་བྱས་པ་བརྒྱུད། བསྟན་ཆེ་གེ་མོས་གོང་གསལ་ཉེས་པ་བསགས་པ་ཇི་མ་ཇི་བཞིན་ཁས་བླངས་པ་དང་སྦྲགས། 2018ལོ་ནས་བཟུང་། “སྐད་འཕྲིན་གྱི་ཚབ་གཉེར་ཚོང་པ་དང་རིན་གོང་ཁེ་བའི་གནམ་གྲུའི་སྤ་སེ་ཚབ་ཚོང”བྱེད་པར་ཁ་གཡར་ནས་ཁ་བསླུས་ཐེངས་30(ལྗོངས་ནང་ཁུལ་ནས་5དང་ལྗོངས་ཕྱི་ནས་25)བརྒྱབ་པར་ཁྱོན་སྒོར་ཁྲི་30ལྷག་ཙམ་ཟིན་པ་ངོས་ལེན་ཡང་ཞུས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་བསྟན་ཆེ་གེ་མོ་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་ད་ལྟ་མུ་མཐུད་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།