[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ། ནག་སེལ་གཤེད་བཅོམ་གཏིང་ཟབ་སྤེལ།

    —— རང་ལྗོངས་ཀྱིས་ཟླ་གསུམ་པ་ནས་ད་བར་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁྱོན་བསྡོམས་101རྩད་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    གསར་འགོད་པར་ཤེས་རྟོགས་བྱུང་བར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་བཀོད་སྒྲིག་གཞིར་བཟུང་། འདི་ལོའི་ཟླ་3པ་ནས་བཟུང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གིས་གྲོང་ཁྱེར་དང་ས་ཁུལ་ཁག་གི་ཉེས་དོན་མྱུལ་ཞིབ་སྡེ་ཚན་སྒྲིག་འཛུགས་བྱས་ཏེ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱིས་གཙོས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་གཅིག་སྡུད་རྩད་གཅོད་བྱེད་པའི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་བས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་101བསྟུད་མར་རྩད་ཆོད་ཐུབ་པ་དང་། ཉེ་བའི་ཟླ་2ནང་རྩད་ཆོད་པའི་གྱོད་གཞིའི་གྲངས་ཚད་དེ་2018ལོ་ཧྲིལ་པོར་རྩད་ཆོད་པའི་གྱོད་གཞིའི་གྲངས་ཚད་ཀྱི་ལྡབ་2ཟིན་ཏེ་རྡུང་རྡེག་གཏོང་དཀའ་བའི་གཞན་དབང་གི་རྣམ་པར་རྦད་དེ་འགྱུར་ལྡོག་བྱུང་ནས་རྡུང་རྡེག་དང་གྱོད་གཞི་རྩད་གཅོད་ཀྱི་ཚད་གཞི་མཐོ་ཤོས་བཏོད་ཡོད་པ་རེད།

    སྟོབས་ཤུགས་རྩེ་གྲ་གཅིག་ཏུ་བསྒྲིལ།

    ཤེས་རྟོགས་བྱུང་བར་གཞིགས་ན། གཅིག་སྡུད་ཐོག་གྱོད་གཞི་རྩད་གཅོད་བྱེད་པའི་འགག་སྒྲོལ་བྱ་སྤྱོད་སྤེལ་རིང་། ལྗོངས་ཡོངས་ཀྱི་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་རང་འགུལ་ངང་མྱུལ་ཞིབ་ཀྱི་འགན་འཁྲི་གཙོ་བོ་ཁུར་ཏེ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱི་མཉམ་སྒུལ་ལས་སྒྲུབ་དང་ཉེས་དོན་མྱུལ་ཞིབ་དང་། དྲ་བའི་སྤྱི་བདེ། ལག་རྩལ་མྱུལ་ཞིབ་ཉེན་རྟོག་དབར་གྱི་མཉམ་ལས། དེ་བཞིན་སྤྱི་བདེ་དང་། དངུལ་ཁང་། གཉེར་སྐྱོང་ཚོང་ཁང་ཆེ་གྲས་གསུམ་དབར་གྱི་མཐུན་སྦྱོར་མཉམ་ལས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་དང་། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ཉེས་དོན་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་ཉེས་དོན་གནས་ཚུལ་ཆ་འཕྲིན་ཆེད་ལས་ཞིབ་གཅོད་ལས་སྒྲུབ་ཁང་ལ་བརྟེན་ཏེ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁག་ལ་གཅིག་སྡུད་ཐོག་ཞིབ་གཅོད་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཚབས་ཆེན་ཁག་ལ་བྱང་བུ་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པ། དུས་ཐོག་ཏུ་ཉེན་རྟོག་སྟོབས་ཤུགས་རྩེ་གྲ་སྒྲིག་འཛུགས་བྱས་ཏེ་ཞིང་ཆེན་སྒྲོལ་བ་དང་ས་ཁོངས་སྒྲོལ་ནས་ཞིབ་བསྡུར་བྱེད་པ་དང་གནད་སྨིན་རྡུང་རྡེག་བཏང་བས་ལྗོངས་ནང་ཁུལ་དུ་ཤུགས་རྐྱེན་ངན་པ་ཚབས་ཆེན་ཡོད་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁག་གཅིག་བདེ་བླག་ངང་རྩད་ཆོད་པ་དང་། ལྗོངས་ཕྱིའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཁག་གཅིག་རྩད་ཆོད་རྒྱུར་ཁྲིད་སྟོན་ཐུབ་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།

    མིག་སྔའི་བར། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྷ་ས་དང་། གཞིས་རྩེ། ཆབ་མདོ་བཅས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་དང་མཉམ་དུ་སྔ་རྗེས་སུ་ཆེད་དོན་གྱོད་གཞིའི་ཚོགས་ཆུང་བདུན་དང་ཁྱོན་མི་19ཧྥུའུ་ཅན་དང་། ཧུའུ་ནན། ཧུའུ་པེ། ཀོང་ཤིས། ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་དུ་མངགས་ནས་རྡུང་རྡེག་ལས་དོན་སྤེལ་ཡོད། དུས་ཡུན་ཟླ་གཉིས་རིང་གི་ལས་དོན་སྤེལ་བ་བརྒྱུད། རང་ལྗོངས་ཀྱི་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་101རྩད་ཆོད་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་ཐོག ཉེས་གསོག་དོཌ་ཅན་གྱི་གཉའ་བཅག་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཁོར་ཡུག་ལེགས་སུ་བཏང་ཞིང་། རང་ལྗོངས་ཀྱི་ཆབ་སྲིད་བདེ་འཇཌ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད།

    ཉེས་ཅན་ཁྲིམས་རྒྱར་བཙུད།

    ཉེ་དུས། གཞིས་རྩེ་གྲོང་ཁྱེར་བསམ་སྒྲུབ་རྩེ་ཆུས་སུ་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་ཞིག་ཐོན་པ་དང་། གནོད་འཚེ་ཕོག་མཁན་ཡེ་ཆེ་གེ་མོས་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གྱོད་དོན་སྙན་སེང་ཞུས་ཤིང་། ཡེ་ཆེ་གེ་མོས་རོལ་རྩེད་མཉེན་ཆས་ནས་“བུ་མོ”ཞིག་ངོ་ཤེས་ཏེ་ཕན་ཚུན་སྐད་འཕྲིན་སྤྲོད་རེས་བྱས་ཤིང་། མི་རིང་བར་ཕན་ཚུན་དགའ་རོགས་བསྒྲིགས་པ་རེད། “བུ་མོ”དེས་ན་བ་དང་། ཁ་པར་ཉོ་བ། མགྲོན་ཁང་དུ་སྡོད་པ་སོགས་ལ་ཁ་གཡར་ཏེ་སྔ་རྗེས་སུ་གནོད་འཚེ་ཕོག་མཁན་ཡེ་ཆེ་གེ་མོའི་སྐད་འཕྲིན་ནས་སྒོར་41000ཁ་བསླུས་བརྒྱབ་པ་རེད། 

    རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་མྱུལ་ཞིབ་བྱས་པ་བརྒྱུད། ཧོང་ཆེ་གེ་མོར་གྱོད་གཞི་དེ་དང་འབྲེལ་བ་ཆེན་པོ་ཡོད་པའི་དོགས་གཞི་ཡོད་པས་འདི་ལོའི་ཟླ་4ཚེས་15ཉིན། ཉེས་གསོག་དོགས་ཅན་ཧོང་ཆེ་གེ་མོ་དྲ་ཐོག་གི་བྲོས་བྱོལ་མི་སྣའི་ཁོངས་སུ་བཅུག་ཅིང་། ཟླ་4ཚེས་16ཉིན། ཀོང་ཤིས་ཀྱི་ས་ཆ་ཞིག་ནས་བཟུང་། ཟླ་4ཚེས་19ཉིན། ཉེས་གསོག་དོགས་ཅན་ཧོང་ཆེ་གེ་མོ་གཞིས་རྩེ་གྲོང་ཁྱེར་ལྟ་སྲུང་ཁང་དུ་བཀག་ཉར་བྱས་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཧོང་ཆེ་གེ་མོས་བུ་མོ་ཡིན་ཁུལ་བྱས་ཏེ། གཞན་གྱི་རྒྱུ་ནོར་མགོ་སྐོར་བཏང་བའི་ཉེས་གསོག་དོན་དངོས་ངོས་ལེན་ཞུས་པ་རེད། མིག་སྔར། ཉེས་གསོག་དོགས་ཅན་ཧོང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས། དྲ་ཐོག་ནས་གཉེན་སྒྲིག་དང་དགའ་རོགས་སྒྲིག་སྟངས་དེ་ཡག་པོ་མེད་ཅེས་བརྗོད་ན་མི་འཚམ་རུང་། འོན་ཀྱང་དངོས་ཡོད་ཀྱི་འཚོ་བའི་ནང་ནས་ཕན་ཚུན་ཐུག་རེས་དང་རྒྱུས་ལོན་བྱེད་དགོས་པ་ལས་དྲ་ཐོག་ནས་བཤད་པའི་སྐད་ཆ་སྙན་པོ་ཁ་ཤས་ལ་ཡིད་ཆེས་ནས་དགའ་རོགས་སྒྲིག་པ་དེ་ཏན་ཏན་ཏིག་ཏིག་གི་བྱ་བ་ཞིག་མ་ཡིན་ཞིང་། དེས་མ་ཚད་ད་དུང་ཕར་ཕྱོགས་ལ་དངུལ་བསྐུར་བ་སོགས་དེ་བས་བྱེད་མི་ཉན། ཚང་མས་རང་ཉིད་ཀྱི་ཡང་དག་པའི་ལྟ་བ་བཙུགས་ནས་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས་ཞེས་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།