[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • མི་དམངས་ལ་ཞབས་འདེགས་ཞུ་རྒྱུར་ནམ་ཡང་གོམ་པ་སྤོ་མཚམས་མི་འཇོག་པ།

    ​ — རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ལ་ཞབས་ཞུའི་ལས་དོན་སྤེལ་བའི་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-18

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ་སྤྱི་བདེའི་སྲིད་འཛིན་དོ་དམ་བྱེད་ཐབས་གསར་གཏོད་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ལས་དོན་གྱི་གཙོ་གནད་དུ་བཞག་ཐོག་ཞབས་འདེགས་ཞུ་རྒྱུར་གཞོལ་བ་དང་ཞབས་ཞུའི་ལས་དོན་བསྒྲུབས་ཏེ། སྤྱི་བདེའི་སྒྱུར་བཅོས་ཀྱི“གློད་སྡོམ་ཞབས”གསུམ་ཀྱི་བྱེད་ཐབས་དམིགས་སར་འཁྱོལ་བ་བྱས་པ་མ་ཟད། མི་དམངས་ཀྱི་སྤྱི་བདེ་ནི་མི་དམངས་ཆེད་ཡིན་པའི་གཟུགས་བརྙན་བཟང་པོ་གཏོད་ཡོད།

    ཐེམ་ཐོ་སྒྱུར་བཅོས་བྱས་ནས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ།

    ཟླ་8ཚེས་6ཉིན་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་གི་ཐོབ་ཐང་ལག་ཁྱེར་གཉེར་གནས་སུ་གྲོགས་པོ་ཆུང་ཆུང་30ལྷག་ཙམ་རྒན་ལགས་ཀྱི་སྣེ་ཁྲིད་འོག་རུ་སྒྲིག་སྟེ་ལས་དོན་མི་སྣས་འབོད་རྒྱུ་སྒུག་ནས་བསྡད་ཡོད།

    ཁོང་ཚོ་ནི་བོད་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་དྭ་ཕྲུག་ཡིན་པ་དང་དེ་རིང་དེ་གར་མཉམ་དུ་ཐོབ་ཐང་ལག་ཁྱེར་གཉེར་བར་ཡོང་པ་རེད།

    སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་བསྐྱོད་དགོས་ན། ཐོབ་ཐང་ལག་ཁྱེར་གཉེར་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་བརྒྱུད་ལྗོངས་སྤྱི་བདེ་ཐིང་ལ་གནས་ཚུལ་སྙན་སེང་ཞུས་རྗེས་སྤྱི་བདེ་ཐིང་གིས་མགྱོགས་མྱུར་ད་ཐེངས་ཀྱི་གཅིག་སྡུད་ཐོག་ཐོབ་ཐང་ལག་ཁྱེར་གཉེར་རྒྱུ་སྒྲིག་འཛུགས་བྱས་པ་རེད། ཐེངས་དེའི་གཅིག་སྡུད་ཐོག་ཐོབ་ཐང་ལག་ཁྱེར་གཉེར་མཁན་ཉིན་རེར་དྭ་ཕྲུག་30ཡོད་པ་དང་ཁྱོན་དྭ་ཕྲུག་286ཡོད་པ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐོབ་ཐང་ལག་ཁྱེར་གཉེར་གནས་ཀྱི་ལས་ཆོད་ལ་ཧ་ཅང་མོས་པོ་བྱུང་ཞེས་རང་སྐྱོང་ལྗོངས་བྱིས་པའི་ཕན་བདེ་ཁང་གི་དོ་དམ་དགེ་རྒན་ཏེང་ལི་ཅུན་གྱིས་བཤད།

    ན་ནིང་ཟླ་7ཚེས་1ཉིན། ང་ཚོས་ལྗོངས་ཕྱིའི་ཡུལ་གཞན་དུ་ཐོབ་ཐང་ལག་ཁྱེར་གཉེར་བའི་ལས་སྒོ་སྤེལ་བ་དང་། འདི་ལོའི་ཟླ་7ཚེས་1ཉིན་ལྗོངས་ནང་ཁུལ་དུ་ཡུལ་གཞན་གྱི་ཐོབ་ཐང་ལག་ཁྱེར་གཉེར་བའི་ལས་སྒོ་སྤེལ་འགོ་ཚུགས་ཡོད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཆེན་ལག་ཁྱེར་གཉེར་གནས་ཀྱི་ཀྲུའུ་རེན་ཚེ་བརྟན་དབང་ཆེན་གྱིས་དེ་སྔ་སྤྱི་བདེ་པུའུ་ཡི་མཉེན་ཆས་ཀྱིས་ལྗོངས་ནང་ཁུལ་ནས་ཡུལ་གཞན་གྱི་ཐོབ་ཐང་ལག་ཁྱེར་གཉེར་ཐུབ་ཀྱི་མེད། དེར་བརྟེན་ང་ཚོས་གོང་རིམ་ལ་སྙན་སེང་ཞུས་པ་དང་། རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཐུན་སྦྱོར་བྱས་རྗེས་ལས་སྒོ་དེ་རེ་ཞུ་བྱས་པར་བརྟེན་ལྗོངས་ནང་ཁུལ་གྱི་མང་ཚོགས་ལ་སྟབས་བདེ་བྱུང་ཡོད་ཅེས་བཤད།

    ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཐེམ་ཐོ་སྒྱུར་བཅོས་ཀྱི་དམངས་ཕན་དམངས་བདེའི་བྱེད་ཐབས་རབ་དང་རིམ་པར་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད། མིག་སྔར་ལྗོངས་ཡོངས་སུ་ཐེམ་ཐོ་གཉེར་མཁན་གྱི་ཤང་དང་གྲོང་རྡལ་མངགས་གཏོང་ཁང་97.6%ཟིན་པས་རྩ་བའི་ཆ་ནས་ཐེམ་ཐོའི་ལས་སྒོ་ཤང་དང་གྲོང་རྡལ་ནས་གཉེར་ཐུབ་ཀྱི་ཡོད་ཅེས་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་ཐེམ་ཐོ་ཁོའོ་ཡི་ཁོའོ་ཀྲང་ཀོན་ཅིན་ཧའོ་ཡིས་བཤད།

    རླངས་འཁོར་དོ་དམ་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཕན་དམངས་བདེ་རྩ་དོན་དུ་བཟུང་བ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་རུ་རླངས་འཁོར་འཇོག་ས་ཆེན་པོ་ཞིག་ཡོད་པས་རླངས་འཁོར་འཇོག་ཆོག་ཆོག་ཡོད། “ད་ཆ་རླངས་འཁོར་འཇོག་ས་1000ལྷག་ཙམ་ཡོད་པས་དེ་གར་ཡོང་མཁན་ཁ་ལོ་བའི་དགོས་མཁོ་སྐོང་ཡོད། དེ་སྔ་རླངས་འཁོར་དོ་དམ་སུའོ་ཡི་རླངས་འཁོར་འཇོག་ས་ཆེན་པོ་དེ་འདྲ་མེད”ཅེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་ཀྲུའུ་རེན་ཁོའོ་ཡོན་སྤེན་པ་སྒྲོལ་མས་བཤད།

    ཚོད་ལྟའི་དྲ་ཐོག་ནས་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་ཆོག་པ་དང་། བོད་སྐད་ཀྱི་ཡིག་རྒྱུགས་མ་ལག་གཏོད་པ། རླངས་འཁོར་གྱི་ཞིབ་བཤེར་སྒྲིག་གཞི་གསར་དུ་བསྣན་པ། དྲ་ཐོག་ནས་དངུལ་ཆད་སྤྲོད་ཆོག་པ། ཟོག་འདྲེན་རླངས་འཁོར་ཞིབ་དཔྱད་ཚད་ལེན་ཟླ་སྒྲིལ་བཏང་བ། གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་སྐྱིན་གསབ་མགྱོགས་མྱུར་འཇལ་ཐུབ་པ། དྲ་སྦྲེལ་+འགྲིམ་འགྲུལ་དོ་དམ་ཞབས་ཞུ་ཟབ་ཏུ་བཏང་བ། “དྲ་ཐོག་ནས་གཉེར་བ་དང་། ལག་ཐོགས་ཁ་པར་ནས་གཉེར་བ། ཐག་ཉེ་སར་གཉེར་བ། སྟབས་བདེ་མཁོ་འདོན”བཅས་ཀྱི་ལས་སྒོ་གཉེར་ཐུབ་ཀྱི་ཡོད།

    2017ལོ་ནས་བཟུང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་དོ་དམ་སྡེ་ཚན་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱེད་ཐབས་མང་པོ་ཁྱབ་གདལ་བཏང་ཞིང་། ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་རླངས་འཁོར་དོ་དམ་ཉིང་ལག་རུ་ཁག་གི་འགན་འཁུར་བ་ཚེ་རིང་ཡེ་ཤེས་ཀྱིས“མང་ཚོགས་ལ་སྟབས་བདེ་ཡོང་བ་བྱ་རྒྱུ་དེ་ནི་ང་ཚོའི་ལས་ཀའི་དམིགས་ཡུལ་རེད་ལ། སླད་ཕྱིན་གྱི་ལས་ཀའི་ཁ་ཕྱོགས་ཀྱང་རེད”ཅེས་བཤད།

    དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཙུཌ་ཏེ་ཕྱོཌ་ཡོངས་ནས་དམངས་ལ་ཕན་པ་སྐྲུན་པ།

    2017ལོའི་ཟླ་7པའི་ཉིན་ཞིག་སུའེ་ཙེར་གྱི་བཟའ་ཚོ་ཞིག་གདོང་ནས་རྔུལ་ཆུ་དོན་བཞིན་དངངས་སྐྲག་ཆེན་པོའི་སྒོ་ནས་ལྷ་ས་གྲོང་ཁྱེར་གསེར་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་སླེབས། “རྒྱ་སྐད་ཤོད་མི་ཤེས་པས་སྒོ་འཛུལ་མ་ཐག་ལག་བརྡ་བྱེད་ཀྱིན་འདུག”ཅེས་གསེར་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲེན་ཀྲང་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་དྲན་གསོ་བྱེད་བཞིན་དེ་ལྟར་བརྗོད།

    བསོད་ནམས་དར་རྒྱས་ཀྱིས་གཏམ་གླེང་ཁྲོད་ཁོང་གཉིས་ཡུལ་སྐོར་བ་ཡིན་པ་དང་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་ཡུལ་སྐོར་སྣེ་ཤན་པ་དང་འབྲེལ་བ་ཆད་པ་མ་ཟད་འགྲོ་ལམ་ཡང་རྙེད་མེད་པ་ཤེས། རྗེས་སུ་ཁོང་གཉིས་ཀྱི་ལུས་ཐོག་ཏུ་འཁྱེར་བའི་མིང་ཧྲན་གསོལ་མགྲོན་ཁང་གི་ཞག་སྡོད་གཱ་ལས་གཞི་ནས་ཁུངས་སྣེ་ཤེས་རྟོགས་བྱུང་བ་དང་གསོལ་མགྲོན་ཁང་ལ་འབྲེལ་བ་བྱས་རྗེས་ཡུལ་སྐོར་སྣེ་ཤན་པ་རྩད་གཅོད་ཐུབ་པ་རེད། གསར་འགོད་པས་ཁྱེད་རང་གིས་ཁོང་གཉིས་ལ་སྐད་ཆ་ཇི་ལྟར་དྲིས་པ་ཡིན་ནམ་ཞེས་བསོད་ནམས་དར་རྒྱས་ལ་སྐད་ཆ་འདྲི་སྐབས་ཁོང་གིས“ང་རང་སློབ་ཆེན་འགྲིམ་སྐབས་ཆེད་ལས་དབྱིན་ཡིག་ཡིན་པས་དབྱིན་སྐད་བཤད་པ་ཡིན”ཞེས་བརྗོད་པ་དང་ཁོང་གིས་ད་དུང་མང་ཚོགས་ལ་ཞབས་འདེགས་ཞུ་སྐབས་ཚང་མ་ཤེས་པ་བྱེད་དགོས་ཞེས་གད་མོ་དགོད་བཞིན་བརྗོད་པ་རེད།

    ལས་ཀའི་ཁྲོད་ཀྱི་གནས་ཚུལ་བརྗོད་སྐབས་བསོད་ནམས་དར་རྒྱས་ཀྱིས“རོགས་པ་བྱེད་རོགས་ཟེར་མཁན་མང་ཤོས་རེད”དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་2011ལོར་བཙུགས་པ་ནས་ད་བར་ཉིན་ལྟར་རྒྱུན་གཏན་བཞིན་སྐོར་གཡེང་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་ཚོང་དུད་ཀྱི་ཚོང་ལས་གནས་ཚུལ་ཤེས་རྟོགས་བྱེད་པ། དོགས་ཡོད་མི་སྣར་གྲལ་བཤེར་བྱེད་པ་བཅས་ཕུད་ལས་ཀ་གཙོ་བོ་ནི་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད་ཅེས་བརྗོད།

    ཉིན་ལྟར་ཉིན་དགུང་ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ཀྱིས་གསེར་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ངལ་གསོ་རྒྱག་སའི་རྐུབ་བཀྱག་སྟེང་ཁྱིམ་བདག་དང་ཕྲུ་གུ་མཉམ་དུ་ངལ་གསོ་བ་དང་། ཁ་ལག་བཟའ་བ། ཐ་ན་སྦྱོང་ཚན་འབྲི་བ་སོགས་ཀྱི་གནས་ཚུལ་མཐོང་རྒྱུ་ཡོད། “ང་ཚོ་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོ་དང་བར་ཐག་ཉེ་པོ་ཡོད་པས་ཁྱིམ་བདག་དེར་ངལ་གསོ་རྒྱག་སྐབས་ང་ཚོས་ཞབས་འདེགས་ཞུ་གི་ཡོད”ཅེས་བསོད་ནམས་དར་རྒྱས་ཀྱིས་བརྗོད་པ་དང་། དེ་ནི་ཉེན་རྟོག་ས་ཚིགས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།

    པེ་ཅིང་ནུབ་ལམ་དང་། རྡོ་སེང་གེ་ལྷོ་ལམ། པེ་ཅིང་དཀྱིལ་ལམ། རྡོ་སེང་གེ་བྱང་ལམ། རྡོ་སེང་གེ་དཀྱིལ་ལམ་བཅས་ཀྱི་ལམ་ཐག་སྤྱི་ལེ་1ཙམ་གྱི་སར་ཆུ་ཚོད་གཅིག་ཙམ་འགོར་བ་ནི་གསེར་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཕུང་ཤིན་གྱིས་ཉིན་ལྟར་སྐོར་གཡེང་བྱེད་སྐབས་ཀྱི་ལམ་ཐག་ཡིན་ལ་དེ་ནི་ཁོང་གི་ལས་ཀའི་གྲས་ཤིག་ཀྱང་རེད། “དེ་ལྟར་ལོ་མང་པོ་ཕྱིན་པ་ཡིན”ཞེས་ཕུང་ཤིན་གྱིས་བག་ཕེབས་ངང་བརྗོད་པ་རེད། ཆུ་ཚོད་24ཡི་རིང་ཚན་ཁག་གསུམ་ལ་བགོས་ནས་རེས་སྐོར་བྱེད་པ་དང་ཉིན་ལྟར་ཆུ་ཚོད་8དང་སྐར་མ་30ཡི་ཐོག་ལས་ཀ་རྩིས་སྤྲོད་རྩིས་ལེན་བྱེད་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་50དང་དོ་དམ་ཁུལ་ལ་སྤྱི་ལེ་ངོས་གྲུ་0.8ཡོད་པ་དེ་ནི་གསེར་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་རྒྱུན་གཏན་གྱི་ལས་ཀའི“གྲངས་གཞི”ཞིག་རེད།

    “ང་ཚོའི་ལས་ཀ་ནི་བལྟས་ན་ཤོད་རིན་མེད་པ་ཞིག་ཡོད། འོན་ཀྱང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུས་པས་་མང་ཚོགས་ལ་མྱོང་བ་ཟབ་ཤོས་ཡོང་ཐུབ”ཅེས་བསོད་ནམས་དར་རྒྱས་ཀྱིས་བརྗོད་པ་རེད།

    zhuy88128.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རླངས་འཁོར་དོ་དམ་སུའོ་ཡི་ལས་དོན་མི་སྣས་མང་ཚོགས་ཀྱི་བློ་འདྲི་དང་ལེན་བྱེད་པའི་གནས་ཚུལ་ཡིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།