[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • སྐྱེས་པ་གཉིས་ཀྱིས་ཟླ་བ་གཅིག་ཙམ་སྒུག་བརྒྱབ་སྟེ་གསོལ་མགྲོན་ཁང་ནས་སྒོར་ཁྲི་བརྒྱ་ཡི་རྒྱུ་དངོས་བརྐུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    liy94169_s.jpg

    ཉེས་གསོག་དོགས་ཅན་གྱིས་བརྐུས་པའི་རྒྱུ་དངོས། (པར་འདི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མཁོ་འདོན་བྱས)

    ཉེ་ཆར། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ཁང་པའི་ནང་འཛུལ་ནས་རྐུ་བརྒྱབ་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་རེད། ཉེས་གསོག་དོགས་ཅན་གཉིས་ཀྱིས་རྒྱུ་དངོས་བརྐུས་རྗེས་ལྷ་ས་ནས་ཕ་ཡུལ་སི་ཁྲོན་དུ་བྲོས། མིག་སྔར་ཉེས་གསོག་དོགས་ཅན་དབང་ཆེ་གེ་མོ་དང་ཧེ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ནས་གྱོད་གཞིར་འདྲི་ཞིབ་བྱེད་སྒང་ཡིན་པ་རེད།

    མ་རུངས་རྐུ་རྒྱག་བསམ་པ་ཡིད་ལ་འཁོར།

    གསོལ་མགྲོན་ཁང་གི་བདེ་སྲུང་མི་སྣ་བྱས།

    2018ལོའི་ཟླ་12ཚེས་12ཉིན། ཁྲེང་ཀོན་ཆུས་འདམ་ར་ཤར་ལམ་གྱི་གསོལ་མགྲོན་ཁང་ཞིག་ལ་རྐུ་རྒྱག་གི་གྱོད་གཞི་ཐོན་ནས་སྒོར་ཁྲི་105རི་བའི་རིན་ཆེན་རྒྱན་ཆ་སྣ་ཚོགས་བརྐུས་འདུག་པས་ལམ་སེང་རྩད་གཅོད་གནང་རོགས་ཞུ་ཞེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ལ་སྙན་སེང་འབྱོར་བ་རེད།

    དེ་རྗེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པ་གྱོད་གཞི་ཐོན་ཡུལ་དུ་ལམ་སེང་བསྐྱོད་ཅིང་། ཡུལ་དངོས་སུ་རྩད་ཞིབ་དང་བརྙན་ལམ་ལྡིར་སོ་སྤྲོས་ཆས་ལ་བལྟས་རྗེས་སྐྱེས་པ་གཉིས་ཀྱིས་སྒོ་ལྕགས་བཅགས་ནས་རྐུ་བརྒྱབ་པ་ཤེས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་འཕྲལ་མར་ཉེན་རྟོག་པ་གཞན་དག་དང་མཉམ་འབྲེལ་གྱིས་བརྟག་དཔྱད་བྱས་མཐར། ཉེས་གསོག་དོགས་ཅན་དབང་ཆེ་གེ་མོ་གཏན་འཁེལ་བྱས་པ་དང་འབྲེལ་2019ལོའི་ཟླ་2པའི་ཚེས་28ཉིན་དྲ་ཐོག་ནས་རྗེས་འདེད་བཏང་བ་རེད།

    ཁྲིམས་རྒྱ་ནས་ཐར་ས་མེད། ཟླ་3ཚེས་14ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཏུའུ་རྗེས་འདེད་ལས་དོན་ས་ཚིགས་ཀྱི་གཞོཌ་འདེགས་དང་དཔལ་ཡུལ་རྫོང་སྤྱི་བདེ་ཅུས་ཀྱི་མཐུན་སྦྱོར་ཤུཌ་ཆེན་ལ་བརྟེན་ནས་ཉེས་གསོག་དོགས་ཅན་དབང་ཆེ་གེ་མོ་བཟུང་ཡོད། འདྲི་བཤེར་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་དབང་ཆེ་གེ་མོས་རང་ཉིད་ཀྱི་རྐུ་རོཌ་དོགས་ཡོད་ཉེས་ཅན་ཧེ་ཆེ་གེ་མོ་རྩིས་སྤྲོད་བྱས་པ་རེད། ཟླ་3ཚེས་18ཉིན་ཁྲེང་ཏུའུ་རྗེས་འདེད་ལས་དོན་ས་ཚིཌ་དང་སྡེ་དགེ་རྫོང་སྤྱི་བདེ་ཅུས་ཀྱི་གཞོཌ་འདེཌ་འོག་ཉེས་གསོག་དོཌ་ཅན་ཧེ་ཆེ་གེ་མོའང་བདེ་བླག་ངང་བཟུང་པ་རེད།

    ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་འདྲི་ཞིབ་བྱས་པ་བརྒྱུད། སྤྱི་ལོ་2018ལོའི་ལོ་མཇུག་སྐབས་དབང་ཆེ་གེ་མོར་རྐུ་རྒྱག་པའི་བསམ་ངན་འཁོར་ཏེ་ཁོང་གིས་ལྷ་ས་གྲོང་ཁྱེར་འདམ་ར་ཤར་ལམ་གྱི་གསོལ་མགྲོན་ཁང་ཞིག་ལ་ལྡིར་བ་རེད། རྐུ་རྒྱག་ཆེད་ཁོང་གིས་གསོལ་མགྲོན་ཁང་དེའི་བདེ་སྲུང་མི་སྣ་བྱེད་པར་ཡོང་། དེའི་རྗེས་ཀྱི་ཟླ་གཅིག་ལྷག་ཙམ་རིང་ཁོང་གིས་འཇབ་སྒུག་བརྒྱབ་རྗེས་ལས་ཀ་ནས་དོན་པ་རེད། སྤྱི་ལོ་2018ལོའི་ཟླ་12ཚེས་10ཉིན། ཉེས་གསོག་དོཌ་ཅན་དབང་ཆེ་གེ་མོ་དང་ཧེ་ཆེ་གེ་མོས་གསོལ་མགྲོན་ཁང་དེའི་ནང་རྒྱུ་དངོས་རྐུ་རྒྱག་པར་འགྲོ་རྒྱུའི་གྲོས་བསྡུར་བྱས་པ་རེད། ཁོ་གཉིས་ཀྱིས་གྲོས་མཐུན་བྱས་ཟིན་རྗེས་ཉིན་གཉིས་པའི་དགོང་མོའི་ཆུ་ཚོད་22ཙམ་ལ་འདམ་ར་ཤར་ལམ་གྱི་གསོལ་མགྲོན་ཁང་དེར་སླེབས་པ་ཤེས་རྟོགས་བྱུང་བ་རེད། 

    སྒོར་མོ་ཁྲི་བརྒྱ་རི་བའི་རྒྱུ་དངོས་བརྐུས།

    ཕ་ཡུལ་སི་ཁྲོན་ཁུལ་དུ་བྲོས་བྱོལ་ཕྱིན།

    དོགས་ཡོད་ཉེས་ཅན་དབང་ཆེ་གེ་མོ་དང་ཧེ་ཆེ་གེ་མོས་སྒོ་ལྕགས་བཅགས་ནས་ཁང་པའི་ནང་འཛུལ་ནས་དབང་ཆེ་གེ་མོས་རྐུ་བརྒྱབ་པ་དང་ཧེ་ཆེ་གེ་མོས་སྒེའུ་ཁུང་འགྲམ་དུ་སོ་ལྟ་བྱས་ཏེ། ཁོ་གཉིས་ཀྱིས་སྤོས་ཤེལ་10དང་། གཡུ་20 བྱུ་རུ་10 བུད་མེད་ཀྱི་རྣ་རྒྱན་ཆ་10 བ་སོའི་ལག་གདུབ་3 བ་སོའི་ཕྲེང་བ་4 གསེར་གྱི་མཛུབ་རྒྱན་18Kཅན་3 བྱུ་རུ་དང་དངུལ་གྱི་མཛུབ་རྒྱན་4 དངུལ་དཀར་གྱི་གའུ་10སོགས་སྒོར་ཁྲི་105རི་བའི་རྒྱུ་དངོས་བརྐུས་ཡོད་པ་རེད།

    རྐུ་མ་ལམ་དུ་ལྷོངས་རྗེས། ཁོ་པ་གཉིས་ལྷ་ས་ནས་ཕ་ཡུལ་སི་ཁྲོན་དུ་བྲོས་ཤིང་། ཉེས་གསོག་དོགས་ཅན་དབང་ཆེ་གེ་མོས་སྤོས་ཤེལ་གཉིས་སྒོར་12400བྱས་ནས་བཙོངས་པ་དང་དངུལ་རང་ཉིད་ཀྱིས་གང་བྱུང་དུ་སྤྱད་པ་རེད། མིག་སྔར། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་སྒོར་ཁྲི་100ལྷག་རི་བའི་རྒྱུ་དངོས་ཕྱིར་བླངས་ཡོད་པ་དང་། ད་ལྟ་ཉེས་གསོག་དོགས་ཅན་དབང་ཆེ་གེ་མོ་དང་ཧེ་ཆེ་གེ་མོ་ཁྲིམས་བཞིན་བཀག་ཉར་བྱས་ཏེ་གྱོད་གཞིར་འདྲི་ཞིབ་བྱེད་སྒང་ཡིན་པ་རེད།

    ནམ་ཟླ་ཇེ་དྲོར་སོང་བ་དང་བསྟུན་ནས་གྲོང་མི་ཁག་གཅིག་གིས་སྒོ་དང་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་བར་བྱེད་པ་དང་། དགོང་མོའམ་ཡང་ན་ཕྱིར་འགྲོ་སྐབས་སྒོ་དང་སྒེའུ་ཁུང་རྒྱག་རྒྱུ་བརྗེད་ཀྱི་ཡོད། དེས་ཁྲིམས་འགལ་བར་གོ་སྐབས་ཀྱང་རག་གི་ཡོད་པ་རེད། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་གྲོང་མི་རྣམས་ལ་དོགས་ཟོན་ཆེར་སྐྱེད་ཀྱིས་རྐུ་འགོག་བྱེད་ཐབས་ལ་ཤུགས་རྒྱག་པ་ལས། སྣང་ཆུང་བཏང་ནས་ཁྱིམ་དུ་རྐུན་མ་འཛུལ་བའི་རྐྱེན་ངན་མི་འབྱུང་བའི་དྲན་སྐུལ་བྱེད་ཀྱི་ཡོད་པ་རེད།

    ཁང་བདག་གིས་དུས་རྒྱུན་ནས་ཁང་པའི་སྒོ་ལྕགས་ལ་སྣང་འཇོག་དང་ཉམས་བཟོ་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་ཡག་ཤོས་བྱུང་ན་སྤུས་ཚད་ཡག་པོ་ཡོད་པའི་ཟླ་གམ་དབྱིབས་སམ་ཡང་ན་རྒྱ་གྲམ་གཟུགས་ཀྱི་སྒོ་ལྕགས་སྤྱད་དེ་རྐུན་པོས་སྒོ་ལྕགས་ཕྱེ་རྒྱུར་དཀའ་ཚད་མཐོ་རུ་གཏོང་དགོས་པ་དང་། ཁྱིམ་དུ་དངུལ་སྨར་དང་དེ་བཞིན་རྩ་ཆེའི་དངོས་པོ་འཇོག་སྐབས་དེའི་བདེ་འཇགས་རང་བཞིན་དང་མངོན་མེད་རང་བཞིན་ལ་དོ་སྣང་བྱས་ཏེ་མངོན་གསལ་དོད་སར་འཇོག་མི་རུང་བ། ཐོག་སོ་དམའ་བའི་སྡོད་ཁང་དང་སྒོ་ར་ཡོད་པའི་སྒེར་ཁང་དུ་རྐུན་པོས་སྒེའུ་ཁུང་ནས་དབྱུག་པ་སོགས་བེད་སྤྱད་དེ་རྒྱུ་དངོས་བརྐུ་སྲིད་པས་ཁང་བདག་གིས་ཕྱིར་སྐྱོད་པའམ་ཡང་ན་གཉིད་ཉལ་སྐབས་སྒེའུ་ཁུང་ཡག་པོ་རྒྱག་དགོས་པ། ཐོག་སོ་མཐོ་བའི་སྡོད་ཁང་དུ་སྡོད་མཁན་གྱིས་སྒེའུ་ཁུང་དང་ཉི་ཁྱམས་སུ་རྐུན་འགོག་ལྕགས་དྲ་སྒྲིག་ཏེ་རྐུན་པོ་སྒེའུ་ཁུང་ནས་ཁང་པའི་ནང་འཛུལ་རྒྱུ་སྔོན་འགོག་བྱེད་དགོས། མཚན་མོ་གཉིད་ཉལ་སྐབས་ཁང་པའི་ནང་རྒྱུན་ལྡན་མིན་པའི་སྒྲ་གྲགས་ཚེ་འཕྲལ་དུ་ལྟ་བར་འགྲོ་རྒྱུ་མེད། ཛ་དྲག་ཆེ་བའི་གནས་ཚུལ་ཐོན་ཚེ་འཕྲལ་དུ་110ལ་ཁ་པར་བརྒྱབ་ནས་ཉེན་རྟོག་པར་ཉེན་དོན་སྙན་སེང་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།