[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • ​ ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་བཅོས་སྒྲིག་ཆེ་མོའི་བྱ་སྤྱོད་སྤེལ་བ།

    བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་རླངས་འཁོར་གཏོང་སྐབས་ཁ་པར་ནས་ལྟད་མོ་བལྟས་པས་ཉེས་ཆད་ཕོག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-11

    ཟླ་9ཚེས་1དང་2ཉིན་གྱི་མཚན་མོར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སི་དང་། གྲོང་ལྷོ་རུ་ཆེན། གྲོང་བྱང་རུ་ཆེན་བཅས་དང་མཉམ་དུ་པེ་ཅིང་དཀྱིལ་ལམ་སོགས་གྲོང་ཁུལ་གྱི་གཙོ་གནད་ལམ་དུམ་དུ་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    རླངས་འཁོར་གཏོང་སྐབས་རྒྱུན་མཐུད་འཁྲབ་ཚན་ལྟ་བའམ་ཡང་ན་རོལ་དབྱངས་ཉན་མི་ཆོག

    དམངས་ཉེན་རྟོག་པས་ཟླ་9ཚེས་1ཉིན་གྱི་དགོང་མོ་པེ་ཅིང་དཀྱིལ་ལམ་དུ་མི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ཞིག་གིས་རླངས་འཁོར་གཏོང་སྐབས་རྒྱུན་མཐུད་འཁྲབ་ཚན་ལྟ་གི་ཡོད་པ་མཐོང་བ་མ་ཟད། ད་དུང་རླངས་འཁོར་དུ་འགྲུལ་པ་གཉིས་བླུགས་ཡོད་པ་ཤེས། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཚུའེ་ཧྲའོ་ཡིའུ་ཡིས་འགྲུལ་པར་གོང་གསལ་གྱི་གནས་ཚུལ་དེ་རིགས་འཕྲད་སྐབས་ངེས་པར་དུ་འཕྲལ་མར་ཞུ་གཏུག་རྒྱག་ཆོག་ཅེས་བཤད།

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྤྱི་པའི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཅིན་ཞང་ཡུས་ཀྱིས། ཚོང་གཉེར་རླངས་འཁོར་གྱི་ཁ་ལོ་བས་རླངས་འཁོར་གཏོང་སྐབས་ལག་ཐོགས་ཁ་པར་སོགས་ནས་ལྟད་མོ་ལྟ་བའམ་ཡང་ན་རོལ་དབྱངས་ཉན་པ་སོགས་བྱེད་མི་ཆོག་ཅིང་། བདེ་འཇགས་ངོས་ནས་བརྗོད་ན་དེ་རིགས་ནི་འགྲུལ་པ་དང་རང་ཉིད་ལ་འགན་མི་འཁུར་བའི་རྣམ་འགྱུར་ཞིག་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་གཉིས་གཅོག་རྒྱུ་དང་དངུལ་ཆད་སྒོར་200གཏོང་རྒྱུ་རེད། དེ་དང་ཆབས་ཅིག་ཁ་ལོ་བས་ལམ་དུམ་དང་ཡང་ན་ལྷ་ས་འགྲིམ་འགྲུལ་དོ་དམ་སྡེ་ཚན་དུ་དུས་ཡུན་ཉིན་གསུམ་གྱི་འགྲིམ་འགྲུལ་ཁྲིམས་སྲོལ་ཤེས་བྱ་སློབ་སྦྱོང་བྱེད་པར་སྐྱོད་དགོས་ཞེས་ངོ་སྤྲོད་བྱས།

    སྐྱོན་བརྗོད་དང་། སློབ་གསོ། སློབ་སྦྱོང་བཅས་བྱས་རྗེས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་ཉིན་གསུམ་ལས་མཚམས་བཞག་ནས་བཅོས་སྒྲིག་གི་ཆད་པ་ཕོག་རྒྱུ་རེད།

    བདལ་གཏོང་རླངས་འཁོར་གྱི་ཞུ་གཏུག་ཐག་གཅོད་ལྟེ་གནས་དངོས་སུ་བཙུགས་པ།

    རླངས་འཁོར་གཏོང་གིན་རྒྱུན་མཐུད་འཁྲབ་ཚན་ལྟ་མཁན་གྱི་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་བཟུང་བ་ཕུད། མི་དམངས་ཉེན་རྟོག་པས་ཞིབ་བཤེར་ཁྲོད་ད་དུང“ཚབ་གཏོང་ཁ་ལོ་བ་རྫུས་མ”ཞིག་ཤེས་རྟོགས་བྱུང་བ་རེད། ཞིབ་བཤེར་གྱི་བརྒྱུད་རིམ་ཁྲོད་མི་དམངས་ཉེན་རྟོག་པས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བར་གཉེར་སྐྱོང་གི་ཐོབ་ཐང་ལག་ཁྱེར་བསྟན་རྒྱུ་མེད་པ་ཤེས་རྟོགས་བྱུང་ཡོད། ཞིབ་བསྡུར་བརྒྱུད་ཞིབ་བཤེར་མི་སྣས་ཁ་ལོ་བ་དེ་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་མིན་པ་མ་ཟད། ཀུང་སིས་ཀྱང་ཁ་ལོ་བ་དེ་དང་གན་རྒྱ་གང་ཡང་བཞག་མེད་པ་ཤེས་རྟོགས་བྱུང་ཡོད།

    ཚུའེ་ཧྲའོ་ཡིའུ་ཡིས་ཁྲིམས་འཛིན་གྱི་བརྒྱུད་རིམ་ཁྲོད་ཁྲིམས་འཛིན་མི་སྣས“ཚབ་གཏོང་ཁ་ལོ་བ་རྫུས་མ”ཡིན་པ་ཤེས་རྟོགས་བྱུང་འཕྲལ་དེའི་ཆ་འཕྲིན་མིང་ཐོ་ནག་པོར་བཅུག་ནས་ལྷ་སར་ཡུལ་སྐོར་དང་། བདལ་གཏོང་། སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་ཁ་ལོ་བའི་ལས་ཀ་བྱེད་ཐབས་བྲལ་བ་བཟོ་གི་ཡོད། ཀུང་སིའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་བདལ་གཏོང་རླངས་འཁོར་ཚད་ཡོད་ཀུང་སིས་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་ངོ་མ་དང་འགན་གཙང་གན་རྒྱ་མཚམས་འཇོག་བྱ་རྒྱུ་མ་ཟད་དངུལ་ཆད་ངེས་ཅན་ཞིག་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    མཚན་མོ་དེ་རང་དུ་མི་དམངས་ཉེན་རྟོག་པས་བདལ་གཏོང་རླངས་འཁོར་གྱི་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་དང་ཁ་ལོ་བའི་ལག་ཁྱེར་ལ་ཞིབ་བཤེར་བྱས་པ་ཕུད་ད་དུང་བདལ་གཏོང་རླངས་འཁོར་གྱི་ཉེན་ཐག་མ་བཅིངས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལའང་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    ཚུའེ་ཧྲའོ་ཡིའུ་ཡིས“བཅོས་སྒྲིག་ངེས་ཅན་བྱས་པ་བརྒྱུད་བདལ་གཏོང་རླངས་འཁོར་གྱི་རྣམ་པ་ལེགས་སུ་ཕྱིན་ཡོད་ལ་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཉུང་དུ་ཕྱིན་ཡོད་ནའང་། ད་དུང་གནད་དོན་ཁག་གཅིག་གནས་ཡོད། མིག་སྔར་ཀུང་སིས་རུ་ཁག་བཞི་བཙུགས་ནས་ཉིན་ལྟར་གཞུང་ལམ་ཐོག་སྐོར་བཤེར་བྱེད་བཞིན་ཡོད་པ་དང་མ་རབས་ཀྱི་བྱེད་སྤྱོད་ལ་པར་ལེན་བྱེད་བཞིན་ཡོད་ཅིང་། བདལ་གཏོང་རླངས་འཁོར་གྱི་གཉེར་སྐྱོང་རྣམ་པ་ཚད་ལྡན་བཟོ་ཆེད། བདལ་གཏོང་རླངས་འཁོར་ཀུང་སིས་བདལ་གཏོང་རླངས་འཁོར་གྱི་ཞུ་གཏུག་ཐག་གཅོད་ལྟེ་གནས་བཙུགས་པ་དང་མིག་སྔར་ལྟེ་གནས་སུ་གཉེར་བྱེད་འགོ་ཚུགས་ཡོད”ཅེས་བཤད།

    གཞན་ཡང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་གཞུང་ལམ་འགྲིམ་འགྲུལ་གྱི་གོ་རིམ་ལ་བཅོས་སྒྲིག་ཆེ་མོའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། མི་དམངས་ཉེན་རྟོག་པས་ཁ་ལོ་བས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་སོགས་བྱས་པ་ཤེས་རྟོགས་བྱུང་ཚེ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་། ཞིབ་བཤེར་ཐག་གཅོད་ནན་པོ་དང་བྱ་རྒྱུ་མ་ཟད་ཆད་པའང་ནན་པོ་བཅད་དེ་སྣང་ཚུལ་དེ་རིགས་ལ་ཐར་པར་གཏན་ནས་གཏོང་རྩིས་མེད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།