[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • མི་ལ་དོན་མེད་ཉེས་རྡུང་བཏང་བ་མ་ཟད་ཉེན་རྟོག་པར་ཡང་རྒོལ་རྡུང་བྱས་པར་གཞུང་དོན་ལ་གནོད་སྐྱོན་བཟོས་པའི་ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-03-13

    ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལུགས་ལྟར་སྟབས་བདེའི་ལས་རིམ་སྤྱད་དེ་གཞུང་དོན་ལ་གནོད་སྐྱོན་བཟོས་པའི་གྱོད་གཞི་ཞིག་ཡོངས་བསྒྲགས་སུ་འདྲི་ཞིབ་བྱས་པ་རེད།

    2017ལོའི་ཟླ་8ཚེས་2ཉིན་གྱི་མཚན་མོའི་ཆུ་ཚོད་དང་པོ་ཡོལ་ཙམ་ལ་དོན་དག་ཆུང་ཆུང་ཞིག་གི་རྐྱེན་པས་ཀྲོའུ་ཆེ་གེ་མོ་དང་གྲོང་པ་ནོར་ཆེ་གེ་མོའི་དབར་ལ་ཁ་རྩོད་ཤོར་བ་དང་འབྲེལ་རྡུང་རེས་ཀྱང་ཐུག གནས་ཚུལ་སྙན་སེང་ཞུས་རྗེས་མགྲོན་བསུ་ལམ་ཆེན་གྱི་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱིས་གནས་ཚུལ་ཐོན་ཡུལ་དུ་ཉེན་རྟོག་པ་གཉིས་འཕྲལ་མར་ཐག་གཅོད་བྱེད་པར་བཏང་། ཉེན་རྟོག་པས་ཀྲོའུ་ཆེ་གེ་མོ་དང་ནོར་ཆེ་གེ་མོ་གཉིས་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཁྲིད་ཡོང་། ཀྲོའུ་ཆེ་གེ་མོར་རྨས་སྐྱོན་ཆེ་ཙམ་བྱུང་བས་ཀྲོའུ་ཆེ་གེ་མོའི་ཟླ་བོས་གཅེན་པོ་ཉི་ཆེ་གེ་མོར་ཁ་པར་བརྒྱབ་ནས་སྨན་ཁང་དུ་སྐྱེལ་རོགས་ཞེས་བཤད།

    མཚན་མོའི་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་ཉི་ཆེ་གེ་མོ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་འབྱོར། ཉི་ཆེ་གེ་མོས་གནས་ཚུལ་གང་ཐོན་མིན་འདྲི་རྩད་གསལ་པོ་མ་བྱས་པར་ཉེན་རྟོག་ཞབས་ཞུའི་ས་ཚིགས་སུ་ཤོར་ཡོང་ནས་ནོར་ཆེ་གེ་མོར་ཉེས་རྡུང་བཏང་བ་དང་། ཉེན་རྟོག་པས་བཀག་སྡོམ་བསླབ་བྱ་ཐེངས་མང་བྱས་པར་མ་ཉན་པ་མ་ཟད། ད་དུང་ཉེན་རྟོག་པར་ཡང་རྨས་སྐྱོན་བཏང་བ་རེད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་སྦྱོར་ཕྱི་མ་ཉི་ཆེ་གེ་མོས་གཞུང་དོན་ལ་གནོད་སྐྱོན་བཟོས་པའི་ཉེས་པ་བསགས་པའི་མིང་ཐོག་ནས་ཞུ་སྦྱོར་བྱས་པ་དང་། 2017ལོའི་ཟླ་12ཚེས་29ཉིན་ཁྲིམས་ཁང་ལ་གཞུང་གཏུག་བརྒྱབ་པ་རེད།

    འདྲི་ཞིབ་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་ཉི་ཆེ་གེ་མོས་རྩུབ་སྤྱོད་ཐོག་ནས་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་པས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགོག་རྐྱེན་བཟོས་པ་དང་ཁོ་པའི་བྱེད་སྤྱོད་དེ་ལས་གཞུང་དོན་ལ་གནོད་སྐྱོན་བཟོས་པའི་ཉེས་པ་གྲུབ་པས་གཞུང་གཏུག་ལས་ཁུངས་ཀྱིས་ནག་ཉེས་གྲུབ་པ་ར་སྤྲོད་གཏན་འཁེལ་བྱས་པ་རེད།

    བྱས་ཉེས་ཚད་འབེབས་བྱེད་སྐབས་ཞུ་སྦྱོར་ཕྱི་མ་ཉི་ཆེ་གེ་མོ་ཁྲིམས་ལ་སྦྱར་རྗེས་རྣམ་འགྱུར་ཅུང་ལེགས་པས་ཉེས་ཆད་ཡང་གཅོད་བྱ་རྒྱུའི་བསམ་གཞིག་བྱས་ནས་ཞུ་སྦྱོར་ཕྱི་མ་ཉི་ཆེ་གེ་མོ་དུས་བཀག་བཙོན་འཇུག་ཟླ་བ་བདུན་བྱ་རྒྱུའི་ཁྲིམས་ཐག་བཅད་པར་ཞུ་སྦྱོར་ཕྱི་མས་ཁྲིམས་ཆད་དང་ལེན་ཞུས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།