[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་བརྒྱད་གྲུབ་འབྲས་ཐོབ་པའི་ངང་རྩད་ཆོད་པ།

    ​ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རང་ལྗོངས་ཀྱི་སྤྱི་བདེ་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་བྱ་ཐབས་ནན་པོ་སྤྱད་དེ་གློག་འཕྲིན་གྱི་ཁ་བསླུས་ལ་རྡུང་རྡེག་ནན་པོ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-27

    སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས་དང་འགོ་ཁྲིད་ལ་རྫུས་ཏེ་གློག་འཕྲིན་གྱི་ཁ་བསླུས་རྒྱག་པའི་གནད་དོན་ཐོན་མང་བ།

    2017ལོའི་ཟླ་9པ་ནས་12བར་ལྷ་སར“9·18སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས”ཀྱི་གློག་འཕྲིན་དྲ་བའི་ཁ་བསླུས་གྱོད་གཞི་སོགས་ཁ་བསླུས་ཕོག་ཡུལ་སློབ་མ་གཙོ་བོར་བྱས་པའི་སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས་ཀྱི་དྲ་བའི་ཁ་བསླུས་གྱོད་གཞི་ཁག་5ཐོན་པ་དང་ཁ་བསླུས་ཐེབས་པའི་མ་དངུལ་སྒོར་ཁྲི་5.89ཙམ་ཟིན་ཡོད་པ་རེད། ཟླ་12ཚེས་1ནས་8ཉིན་བར་ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་དུ་གློག་འཕྲིན་གྱི་དྲ་བའི་ཁ་བསླུས་གྱོད་གཞི་རྒྱུན་མཐུད་ངང་ཐོན་པ་དང་། གཉའ་ནང་རྫོང་དུ“12·08”གློག་འཕྲིན་དྲ་བའི་ཁ་བསླུས་གྱོད་གཞི་ཐོན་པ། འབྲོང་པར“12·08”གློག་འཕྲིན་དྲ་བའི་ཁ་བསླུས་གྱོད་གཞི་ཐོན་པ་སོགས་ནི་འགོ་ཁྲིད་དང་ངོ་ཤེས་པའི་མི་ལ་རྫུས་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་ཞིག་ཡིན་པ་དང་ཁ་བསླུས་ཐེབས་པའི་དངུལ་སྒོར་ཁྲི་23ཟིན་ཡོད་པ་རེད།

    གྱོད་གཞི་ཐོན་རྗེས་ལྗོངས་སྤྱི་བདེ་ཐིང་གིས་འཕྲལ་མར་ཆེད་དོན་ཚོགས་འདུ་འཚོགས་ཏེ་བཀོད་སྒྲིག་བྱས་པ་དང་ལྷ་སའི“9·18སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས”ཀྱི་གློག་འཕྲིན་དྲ་བའི་ཁ་བསླུས་གྱོད་གཞི་སྒྲུབ་སྐུལ་གྱི་གྱོད་གཞི་ཨང་5པར་བརྩིས་ཏེ་དུས་ཐོག་ཏུ་མཉམ་འབྲེལ་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ནས་ཉེན་རྟོག་པ་ཧྲག་སྒྲུག་གིས་གཅིག་སྡུད་ཐོག་སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས་ཀྱི་ཁ་བསླུས་གྱོད་གཞི་དང་འགོ་ཁྲིད་ལ་རྫུས་ནས་ཁ་བསླུས་རྒྱག་པའི་གྱོད་གཞི་འགག་སྒྲོལ་མྱུལ་སྒྲུབ་བྱས་པ་རེད།

    བྱ་ཐབས་ནན་པོ་སྤྱད་དེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་རྒྱུ་ནོར་སྲུང་སྐྱོང་བྱས་པ།

    སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རྒྱུན་ལས་ཐིང་ཀྲང་གཞོན་པ་ལུའེ་ཐའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོགས་ཚུན། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་སྤྱི་བདེ་ཐིང་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་ལྗོངས་ཀྱི་རིམ་ཁག་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་འཆལ་རྒྱན་དུག་གསུམ་དང་མགོ་སྐོར་གཏོང་བ་སོགས་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་ཉེས་ཆད་གཅོད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱུན་མཐུད་ངང“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུར་སྐུལ་མ་བཏང་སྟེ་བྱ་ཐབས་ནན་པོ་སྤྱད་ནས་གློག་འཕྲིན་དྲ་བའི་ཁྲིམས་འགལ་གྱི་ཉེས་གསོག་གསར་པར་རྡུང་རྡེག་བཏང་བ་རེད།

    ལུའེ་ཐའོ་ཡིས“2017ལོའི་ལོ་མཇུག་ཏུ་ཐོན་མང་བའི་སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས་ཀྱི་དྲ་བའི་ཁ་བསླུས་དང་འགོ་ཁྲིད་ལ་རྫུས་ཏེ་ཁ་བསླུས་རྒྱག་པའི་གྱོད་གཞིར་དམིགས་ནས་རང་ལྗོངས་ཀྱི་སྤྱི་བདེ་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་རང་ལྗོངས་ཀྱི་སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས་ཀྱི་དྲ་བའི་ཁ་བསླུས་གྱོད་གཞི་5དང་འགོ་ཁྲིད་ལ་རྫུས་པའི་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་3གཅིག་སྡུད་ཐོག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་6བདེ་བླག་ངང་འཛིན་བཟུང་བྱས་པ་དང་བྲོས་འདེད་བྱེད་བཞིན་པའི་འབྲེལ་ཡོད་ཉེས་གསོག་དོགས་ཅན་4གཏན་འཁེལ་བྱས་པས་ཕན་འབྲས་ལེགས་པོ་ཐོབ་པ་དང་རྒྱ་ཆེའི་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཐུབ་ཡོད་པ་རེད”ཅེས་བཤད།

    གནད་སྨིན་ཞིབ་གཅོད་དང་གཞི་ཁྱོན་ལྡན་པའི་རྡུང་རྡེག་བཏང་སྟེ་ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་ཉེས་ཅན་པ་འཛིན་བཟུང་བྱས་པ།

    2017ལོའི་ཟླ་12ཚེས་10ཉིན་མཉམ་འབྲེལ་ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་འཕྲལ་མར་ཀོང་ཏུང་དང་ཧུའུ་ནན་སོགས་སུ་སྐྱོད་དེ་ཞིབ་བསྡུར་དང་གཅིག་སྡུད་འཛིན་བཟུང་གི་ལས་དོན་སྤེལ་བ་རེད། ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་ཞིང་ཆེན་2དང་། གྲོང་ཁྱེར་དང་རྫོང་7 སྤྱི་ལེ་ཁྲི་3བཅས་ཀྱི་སར་སྐྱོད་དེ་ཉིན་མཚན་40བསྟུད་མར་འབད་འཐབ་བྱས་ནས་ནང་སའི་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ཉེས་དོན་མྱུལ་ཞིབ་སྡེ་ཚན་གྱི་རོགས་རམ་འོག་2018ལོའི་ཟླ་1ཚེས་11ཉིན་ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཁྱེར་ཏན་པའེ་ཆུས་ནས་གློག་འཕྲིན་དྲ་བའི་ཁ་བསླུས་གྱོད་གཞིའི་ཉེས་གསོག་དོགས་ཅན་6འཛིན་བཟུང་བྱས་པ་དང་འབྲེལ་ཡོད་ཉེས་གསོག་དོགས་ཅན་4དྲ་ཐོག་ཏུ་བྲོས་འདེད་ལས་དོན་བཀོད་སྒྲིག་ཟིན་པ་རེད། རང་ལྗོངས་ཀྱི་སྐད་འཕྲིན་གྱི་ལས་ཀ་གཅིག་ལྕོགས་ཀྱི་དྲ་བའི་ཁ་བསླུས་གྱོད་གཞི་5དང་འགོ་ཁྲིད་ལ་རྫུས་པའི་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་3གཅིག་སྡུད་ཐོག་རྩད་ཆོད་པ་དང་བསྡམས་བཅད་བྱས་པའི་གྱོད་འབྲེལ་དངུལ་སྒོར་ཁྲི་3ལྷག་ཙམ་ཟིན་ཏེ་ཉེས་གསོག་དོགས་ཅན་གྱི་ཧམ་ཤེད་ཆེ་བའི་རྣམ་པར་རྡུང་རྡེག་ནན་པོ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྒུག་གསར་པ་མངོན་འགྱུར་ཡོང་བ་བྱས་པ་རེད།

    མིག་སྔར་འཛིན་བཟུང་བྱས་པའི་ཉེས་གསོག་དོཌ་ཅན་6པོའི་ཁྲོད་ཀྱི་4ཞིང་ཆེན་གཞན་གྱི་གློག་འཕྲིན་དྲ་བའི་ཁ་བསླུས་ཀྱི་གྱོད་གཞི་ཚབས་ཆེན་མང་པོ་དང་འབྲེལ་བ་ཡོད་པས་སྤྱི་བདེ་པུའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་གྱོད་གཞི་དང་མི་སྣ་གཙོ་གཉེར་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲད་པ་དང་གྱོད་གཞི་གཞན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།