[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • ལྷ་སའི་སྤྱི་བདེས་གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་3རྩད་ཆོད་པ།

    གྱོད་འབྲེལ་མ་དངུལ་སྒོར་ཁྲི་བརྒྱ་ཡན་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-23

    ཉེ་ཆར། ལྷ་སའི་སྤྱི་བདེས་གན་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་3བསྟུད་མར་རྩད་ཆོད་དེ་ཉེས་གསོག་དོགས་ཅན་3འཛིན་བཟུང་བྱས་པ་དང་གྱོད་འབྲེལ་མ་དངུལ་སྒོར་ཁྲི་བརྒྱ་ཡན་ཟིན་པས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པ་རེད།

    གྱོད་གཞི་དང་པོ། ཁང་པ་འཚོང་རྒྱུར་ཁ་གཡར་ནས་སྒོར་ཁྲི་33ཁ་བསླུས་བརྒྱབ་པ།

    2009ལོའི་ཟླ་4པར། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་བཀྲ་ཆེ་གེ་མོ་དང་ཕུར་ཆེ་གེ་མོས་སྙན་སེང་འབྱོར་བར། ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོས་བརྒྱད་གཅིག་ལམ་དུ་ཁུལ་ཆུང་ཞིག་ནང་རང་ཉིད་ཀྱི་ཁང་པ་འཚོང་རྒྱུ་ཡོད་ལུགས་བརྗོད་དེ་བཀྲ་ཆེ་གེ་མོ་དང་ཕུར་ཆེ་གེ་མོའི་ས་ནས་སྒོར་ཁྲི་33བླངས་རྗེས་བྲོས་བྱོལ་དུ་སོང་།

    གྱོད་དོན་སྙན་སེང་འབྱོར་རྗེས། དཔལ་འབྱོར་མྱུལ་ཞིབ་མི་དམངས་ཉེན་རྟོག་པས་འཕྲལ་དུ་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་ཏེ་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོའི་རྫུན་གཏམ་མཐིལ་བརྟོལ་བ་མ་ཟད། བཀྲ་ཆེ་གེ་མོ་དང་ཕུར་ཆེ་གེ་མོའི་ས་ནས་སྒོར་ཁྲི་33བླངས་པའི་ཉེས་གསོག་དོན་དངོས་རྩད་ཆོད། ཟླ་ཆེ་གེ་མོའི་བྱེད་སྤྱོད་དེ་གན་རྒྱའི་ཁ་བསླུས་ཉེས་གསོག་གི་ཁོངས་སུ་གཏོགས་པས་2009ལོའི་ཟླ་4པར་གྱོད་གཞི་དེར་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་པ་དང་འབྲེལ་ཉེས་གསོག་དོགས་ཅན་དྲ་ཐོག་གི་རྗེས་འདེད་མི་སྣའི་མིང་གྲལ་དུ་བཅུག མྱུལ་ཞིབ་མི་སྣས་མྱུལ་ཞིབ་བརྟག་དཔྱད་ཐེངས་མང་བྱས་པ་བརྒྱུད། 2017ལོའི་ཟླ་12ཚེས་3ཉིན་གཞིས་རྩེ་གྲོང་ཁྱེར་ཉེན་རྟོག་ཕྱོགས་ཀྱི་ཤུགས་ཆེའི་རོགས་རམ་འོག གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་ཁྲོམ་གཞུང་ཞིག་ནས་ཟླ་ཆེ་གེ་མོ་འཛིན་བཟུང་བྱས། མིག་སྔར་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    གྱོད་གཞི་གཉིས་པ། གན་རྒྱ་རྫུས་མ་བཞག་ནས་སྒོར་ཁྲི་50ཁ་བསླུས་བརྒྱབ་པ།

    2016ལོའི་ཟླ་5པར། ཉིང་ཁྲི་གྲོང་ཁྱེར་གྱི་ཀོག་ཧྥེའི་དྲ་ཁང་ཞིག་གི་འགན་འཁུར་བ་ཡའོ་ཆེ་གེ་མོས་ཀོག་ཧྥེའི་དྲ་ཁང་གི་སྒྲིག་ཆས་ཉོ་བའི་ལས་ཀ་ཁྲེན་ཆེ་གེ་མོར་འགན་གཙང་སྤྲད་པ་དང་འབྲེལ། ཟླ་5ཚེས་11ཉིན་ནས་ཟླ་6ཚེས་20ཉིན་བར། ཁྲེན་ཆེ་གེ་མོར་སྒྲིག་ཆས་གྲོན་དངུལ་སྒོར་ཁྲི་50སྤྲད། ཁྲེན་ཆེ་གེ་མོས་དངུལ་ལེན་རྗེས་གློག་ཀླད་ཕྱིར་འཚོང་ཀུང་སི་ཞིག་དང་གྲོས་མོལ་བྱས་ཏེ་གན་རྒྱ་བཞག་ནས་གློག་ཀླད་ཁག་གཅིག་ཉོས་པ་དང་འབྲེལ་སྔོན་ལ་འགྱུར་རྟེན་སྒོར་ཁྲི་32འཇོག་པ་དང་དེ་ནས་ལག་ཏུ་དངོས་ཟོག་འབྱོར་རྗེས་ལྷག་འཕྲོ་རྣམས་སྤྲོད་རྒྱུའི་ཁ་ཆད་བྱས། ཁྲེན་ཆེ་གེ་མོས་གནས་ཚུལ་དེ་ཡའོ་ཆེ་གེ་མོར་བརྗོད། འོན་ཀྱང་ཟླ་བ་གསུམ་སོང་རྗེས་ཁྲེན་ཆེ་གེ་མོས་ཡའོ་ཆེ་གེ་མོ་དང་འབྲེལ་བ་བྱེད་མི་ཐུབ་པས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་གྱོད་དོན་སྙན་སེང་མ་ཞུ་ཀ་མེད་བྱུང་།

    མྱུལ་ཞིབ་མི་སྣར་སྙན་སེང་འབྱོར་རྗེས་འཕྲལ་དུ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་དོན། ཁྲེན་ཆེ་གེ་མོས་གློག་ཀླད་ཕྱིར་འཚོང་ཀུང་སིར་འགྱུར་རྟེན་སྒོར་ཁྲི་7བཞག་པ་དང་ཟླ་བ་7ནས་ཟླ་བ་9བར་དེ་བྱིངས་ཀྱི་སྒོར་ཁྲི་43བག་མེད་ལོངས་སྤྱོད་བྱས་པ་དང་ད་དུང་གློག་ཀླད་ཕྱིར་འཚོང་ཀུང་སིར་རྒྱུ་མཚན་གཞན་དག་གི་རྐྱེན་པས་གློག་ཀླད་དེ་དག་ཉོ་གི་མིན་ཞེས་བརྗོད་པ་རེད། དེས་ན་གློག་ཀླད་ཕྱིར་འཚོང་ཀུང་སི་དེས་གན་རྒྱ་གཞིར་བཟུང་། གན་འགལ་དངུལ་ཆད་སྒོར་ཁྲི་3བཅག་ནས་ལྷག་འཕྲོའི་སྒོར་ཁྲི་4ཁྲེན་ཆེ་གེ་མོར་ཕྱིར་སྤྲོད་བྱས། གནས་ཚུལ་དེ་དག་ཁྲེན་ཆེ་གེ་མོས་ཡའོ་ཆེ་གེ་མོར་བརྗོད་པ་དང་སྦྲགས་རང་ཉིད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཤེས་ཡོང་བསམ་ནས་གཡོལ་ནས་བསྡད།

    ཁྲེན་ཆེ་གེ་མོས་གྱོད་གཞི་དེའི་ནང་ཁྲིམས་འགལ་ངང་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་དོན་དངོས་རྫུན་བཟོ་དང་སྦ་གསང་བྱས་པའི་བྱེད་སྤྱོད་དེ་གན་རྒྱའི་ཁ་བསླུས་ཀྱི་ཉེས་གསོག་ཁོངས་སུ་གཏོགས་པས་མྱུལ་ཞིབ་མི་སྣས་2016ལོའི་ཟླ་12ཚེས་16ཉིན་གྱོད་གཞི་དེར་གྱོད་དོན་ཐོ་འགོད་བྱས་པ་དང་འབྲེལ་ཉེས་གསོག་དོགས་ཅན་ཁྲེན་ཆེ་གེ་མོ་དྲ་ཐོག་གི་རྗེས་འདེད་མི་སྣའི་མིང་གྲལ་ནང་བཅུག 2017ལོའི་ཟླ་12ཚེས་24ཉིན་ཁྲུང་ཆིང་གྲོང་ཁྱེར་ཅང་པེ་ཆུས་ཏ་ཧྲེ་པ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁྲེན་ཆེ་གེ་མོ་འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་རྩིས་སྤྲད། མིག་སྔར་ཉེས་གསོག་དོགས་ཅན་ཁྲེན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    གྱོད་གཞི་གསུམ་པ། ལས་གྲྭའི་གན་རྒྱ་རྫུས་མ་བཞག་ནས་སྒོར་ཁྲི་30ཁ་བསླུས་བརྒྱབ་པ།

    2016ལོའི་ཟླ་10ཚེས་18ཉིན། དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་ཁྲེང་ཆེ་གེ་མོའི་སྙན་སེང་འབྱོར་བར། ཀྲང་ཆེ་གེ་མོས་གཉའ་ནང་རྫོང་གི་ལམ་དུམ་འཛུགས་སྐྲུན་ལས་གྲྭ་འགན་གཙང་སྤྲོད་རྒྱུར་ཁ་གཡར་ནས་ཁྲེང་ཆེ་གེ་མོའི་ས་ནས་འགན་ལེན་དངུལ་སྒོར་ཁྲི་30བླངས། རྗེས་སུ་ལས་གྲྭ་དེ་གཏན་ནས་མེད་པ་ཤེས་རྗེས་སྙན་སེང་མི་ཞུ་ཀ་མེད་བྱུང་། དཔལ་འབྱོར་མྱུལ་ཞིབ་མི་སྣས་བརྟག་དཔྱད་བྱས་པ་བརྒྱུད། ཁྲེང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོའི་དབར་ལས་གྲྭ་འགན་གཙང་གི་གན་རྒྱ་བཞག་ཡོད་པ་དང་ཀྲང་ཆེ་གེ་མོས་ཁྲེང་ཆེ་གེ་མོའི་ས་ནས་ལས་གྲྭའི་དངུལ་སྒོར་ཁྲི་30བླངས་པ་ཤེས། དཔལ་འབྱོར་མྱུལ་ཞིབ་མི་སྣས་སྔར་བས་ཞིབ་དཔྱད་བྱས་པ་བརྒྱུད། ལས་གྲྭ་དེ་འོས་སྐུལ་བྱས་མེད་ལ་ཚན་པ་སུ་ཞིག་ལ་ཡང་འགན་གཙང་སྤྲད་མེད། དེས་ན་ཀྲང་ཆེ་གེ་མོ་དང་ཁྲེང་ཆེ་གེ་མོའི་དབར་བཞག་པའི་གན་རྒྱའི་ལས་གྲྭ་དེ་ནི་ལས་གྲྭ་རྫུས་མ་ཡིན་པ་ར་སྤྲོད་བྱུང་། ཀྲང་ཆེ་གེ་མོའི་བྱེད་སྤྱོད་དེ་གན་རྒྱའི་ཁ་བསླུས་ཉེས་གསོག་གི་ཁོངས་སུ་གཏོགས་པས་མྱུལ་ཞིབ་མི་སྣས་2016ལོའི་ཟླ་12ཚེས་19ཉིན་གྱོད་གཞི་དེར་གྱོད་དོན་ཐོ་འགོད་བྱས་པ་དང་འབྲེལ་2017ལོའི་ཟླ་8ཚེས་4ཉིན་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་དྲ་ཐོག་གི་རྗེས་འདེད་མི་སྣའི་མིང་གྲལ་ནང་བཅུག 2018ལོའི་ཟླ་1ཚེས་3ཉིན་ལྷ་ས་གྲོང་ཁྱེར་མེ་འཁོར་བབས་ཚུགས་སུ་མཚོ་བོད་ལྕགས་ལམ་ཅུས་ལྷ་ས་སྤྱི་བདེ་ཁྲུའུ་བབས་ཚུགས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཀྲང་ཆེ་གེ་མོ་འཛིན་བཟུང་བྱས་ཏེ་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་ལ་རྩིས་སྤྲད། མིག་སྔར་ཉེས་གསོག་དོགས་ཅན་ཀྲང་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།