[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>ཁྲིམས་རྩོད་པའི་དཔྱད་བརྗོད།
  • སྒོར་ཁྲི་གཅིག་གི་དོན་དུ་གྲོགས་པོའི་དབར་འགལ་ཟླ་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-23

    “རྐུ་མ་ནང་ལ་བཞག སྒོ་ལྕགས་ཕྱི་ལ་བརྒྱབ”ཞེས་པ་ལྟར་ཉེ་དུས་ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་ཕན་པོ་ལམ་གྱི་རླངས་འཁོར་ཉམས་བཟོ་ཁང་ཞིག་གི་བཟོ་པ་ཁྲེན་ཆེ་གེ་མོར་གནས་ཚུལ་འདི་འདྲ་ཞིག་འཕྲད།

    ཟླ་1ཚེས་5ཉིན་གྱི་ཆུ་ཚོད་12ཙམ་ལ་ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁྲེན་ཆེ་གེ་མོའི་སྙན་སེང་འབྱོར་ནས་དགའ་ལྡན་ཆོས་འཁོར་གྲོང་རྡལ་ཕན་པོ་ལམ་གྱི་རླངས་འཁོར་ཉམས་བཟོ་ཁང་ཞིག་གི་ལས་ཤག་ཏུ་རང་ཉིད་ཀྱི་སྒོར་ཁྲི་གཅིག་བོར་བརླག་སོང་འདུག་ཅེས་བཤད། སྙན་སེང་འབྱོར་རྗེས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འཕྲལ་མར་ས་གནས་ས་ཐོག་ཏུ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། རྩད་ཞིབ་བྱས་པ་བརྒྱུད། གྱོད་གཞི་ཐོན་སའི་སྒོ་དང་། སྒེའུ་ཁུང་། སྒོ་ལྕགས་བཅས་ཚང་མར་སྐྱོན་གང་ཡང་ཤོར་མེད་པས་མི་དམངས་ཉེན་རྟོག་པས་ཕྱི་ནས་འཛུལ་བ་དང་སྒོ་ལྕགས་ཕྱེ་བའི་ལག་རྩལ་ལ་བརྟེན་ནས་བརྐུས་པ་མིན་པར་ནང་ཁུལ་གྱིས་རྐུ་བའི་དབྱེ་ཞིབ་བྱས།

    དེ་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་མར་རླངས་འཁོར་ཉམས་བཟོ་ཁང་ནང་ཁུལ་གྱི་ལས་དོན་མི་སྣར་རེ་རེ་བཞིན་གྲལ་བཤེར་དང་འདྲི་རྩད་བྱས་པ་དང་། མི་དམངས་ཉེན་རྟོག་པས་ཁྲེན་ཆེ་གེ་མོ་དང་ཉལ་ཁང་གཅིག་པ་ཡིན་པའི་རོགས་པ་གཉིས་ལ་འདྲི་རྩད་བྱེད་སྐབས་མཱ་ཆེ་གེ་མོ་དངངས་སྐྲག་ཆེན་པོས་མི་དམངས་ཉེན་རྟོག་པས་དྲིས་པའི་ཚོར་སྣང་སྐྱེན་པའི་གནད་དོན་ལ་ཁ་གཡོལ་ཚིག་གཡོལ་བྱས་པས་དོགས་པ་ཆེན་པོ་ཡོད་པ་རེད། ཁོ་པར་སྲིད་ཇུས་ཀྱི་སློབ་གསོ་དང་བཅའ་ཁྲིམས་འཆད་ཁྲིད་བྱས་རྗེས་མཱ་ཆེ་གེ་མོས་རང་ཉིད་ཀྱིས་ཉལ་ཁང་གཅིག་པ་ཁྲེན་ཆེ་གེ་མོའི་དངུལ་སྨར་སྒོར་ཁྲི་1རྐུ་བའི་ནག་ཉེས་ངོས་ལེན་ཞུས།

    བརྟག་དཔྱད་བྱས་པ་བརྒྱུད། མི་རིང་བའི་གོང་ཁྲེན་ཆེ་གེ་མོས་དངུལ་ཁང་གི་གཱ་ནས་ཕ་ཡུལ་དུ་ལོག་པའི་ལམ་གྲོན་དངུལ་སྨར་སྒོར་ཁྲི་1བླངས་ཏེ་ཉལ་ཁྲིའི་འགྲམ་གྱི་སྒྲོག་ཙེའི་སྒམ་ནང་བླུགས་པ་དེ་ཉལ་ཁང་གཅིག་པ་ཡིན་པའི་མཱ་ཆེ་གེ་མོས་མཐོང་།

    ཟླ་1ཚེས་4ཉིན་མཱ་ཆེ་གེ་མོས་དངུལ་མཐོང་རྗེས་རྐུ་རྒྱག་པའི་བསམ་བློ་འཁོར་བས་ཁྲེན་ཆེ་གེ་མོ་ཕྱིར་བསྐྱོད་པའི་སྐབས་དང་བསྟུན་ནས་དངུལ་སྨར་སྒོར་ཁྲི་1བརྐུས་ཏེ་རང་ཉིད་ཀྱི་གཱ་ནང་བླུགས་པ་རེད།

    མིག་སྔར། དོགས་ཡོད་ཉེས་ཅན་མཱ་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་། གྱོད་གཞི་དེ་སྔར་བས་ཞིབ་གཅོད་བྱེད་བཞིན་ཡོད་པ་དང་། རྐུ་ཤོར་བའི་དངུལ་སྨར་ཁྲིམས་ལྟར་གནོད་འཚེ་ཕོག་མཁན་ཁྲེན་ཆེ་གེ་མོར་སློག་ཏུ་བཅུག་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།