[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • གཡོ་སྒྱུ་ཇི་ལྟར་ཚ་ན་ཡང་། ཁྲིམས་ཀྱི་རྒྱ་ལས་ཐར་ཐབས་མེད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-07

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གསུམ་པས་མུ་སྦྲེལ་ཁ་བསླུས་གྱོད་གཞི་5རྩད་ཆོད་ནས་ཉེས་གསོག་དོགས་ཅན་གཅིག་བཟུང་བར་གྱོད་འབྲེལ་དངུལ་སྒོར་ཁྲི་21.8ལྷག་ཙམ་ཟིན་ཡོད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། ཁ་བསླུས་གྱོད་གཞི་5རྩད་ཆོད་ཅིང་། 2018ལོའི་ཟླ་9པར་ངག་ཆེ་གེ་མོས་ཁྲེང་ཀོན་ཆུས་སུ་ཁང་པ་ཉོས་པའི་གན་རྒྱ་རྫུས་མ་བཟོས་ནས་གནོད་འཚེ་ཕོག་མཁན་ཕུར་ཆེ་གེ་མོའི་སྒོར་108000ཁ་བསླུས་བརྒྱབ་པ་དང་། 2018ལོའི་ཟླ་12པར་ངག་ཆེ་གེ་མོས་ལྷ་ས་ནས་གཞིས་རྩེ་བར་གྱི་འགྲུལ་སྐྱེལ་རླངས་འཁོར་ནང་་གནོད་འཚེ་ཕོག་མཁན་ལྷག་ཆེ་གེ་མོ་ངོ་ཤེས་པ་མ་ཟད། མི་དམངས་ཉེན་རྟོག་པ་ཡིན་ཁུལ་གྱིས་ཁོ་པའི་ཡིད་ཆེས་ཐོབ་ཐབས་བྱས། ཕྱིས་སུ་ངག་ཆེ་གེ་མོས་རང་ཉིད་ལ་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་སྨན་རིན་དགོས་པར་ཁ་གཡར་ཏེ་གནོད་འཚེ་ཕོག་མཁན་ལྷག་ཆེ་གེ་མོའི་སྒོར་35000ལྷག་ཙམ་ཁ་བསླུས་བརྒྱབ། 2019ལོའི་ཟླ་1ཚེས་4ཉིན་ངག་ཆེ་གེ་མོས་མི་དམངས་ཉེན་རྟོག་པ་ཡིན་ཁུལ་གྱིས་ལག་ཁྱེར་རྫུས་མ་བསྟན་ཏེ་ཁྲེང་ཀོན་ཆུས་ཀྱི་རླངས་འཁོར་བོགས་གཏོང་ཀུང་སི་ཞིག་ནས་རླངས་འཁོར་གཡར་བས་ཀུང་སི་དེར་སྒོར་6000ལྷག་ཙམ་གྱོང་གུན་ཕོག 2019ལོའི་ཟླ་1ཚེས་1ཉིན་ནས་ཟླ་2ཚེས་2ཉིན་བར་ངག་ཆེ་གེ་མོས་ཁྲེང་ཀོན་ཆུས་ཀྱི་ཁུལ་ཆུང་ཞིག་ཏུ་གནོད་འཚེ་ཕོག་མཁན་བསྟན་ཆེ་གེ་མོར་སྦག་སྦག་ཉོ་རོགས་བྱས་ཆོག་ཅེས་བཤད་དེ་སྔ་རྗེས་སུ་སྒོར་20000ཁ་བསླུས་བརྒྱབ། 2019ལོའི་ཟླ་2ཚེས་17ཉིན། ངག་ཆེ་གེ་མོས་གནོད་འཚེ་ཕོག་མཁན་ཕུར་ཆེ་གེ་མོར་ཡིད་རྟོན་གཱ་བཟོ་རོགས་བྱས་ཆོག་ཟེར་ནས་དེའི་ཐོབ་ཐང་ལག་ཁྱེར་བླངས་རྗེས་འབྲེལ་ཡོད་ཆ་འཕྲིན་བརྒྱུད་ཡིད་རྟོན་གཱ་གཉིས་བཟོས་པ་དང་ཕྱིས་སུ་POSའཕྲུལ་ཆས་ཐོག་ནས་དངུལ་སྨར་སྒོར་49950རྐུ་ལེན་བྱས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་ངག་ཆེ་གེ་མོ་ཞིབ་དཔྱོད་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་སྤྲད་པ་དང་། གྱོད་གཞི་དེ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།