[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • “བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས”མཚན་དགུང་དུ་འགྲུལ་པ་མ་བླུགས་པས་ཞུ་སྦྱོར་བྱས་པར་ཀུང་སིས་དེ་ལྟར་བཤད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-16

    ཉིན་ཤས་གོང་། ལྷ་ས་བདལ་གཏོང་རླངས་འཁོར་ཞུ་སྦྱོར་བདག་སྤྲོད་ལྟེ་གནས་ལ་ཞུ་སྦྱོར་ཞིག་འབྱོར་བ་སྟེ། གྲོང་མི་ཞིག་གིས་མཚན་དགུང་དུ་བདལ་གཏོང་རླངས་འཁོར་བསྡད་དེ་ཉང་བྲན་ཤང་དུ་འགྲོ་བསམ་ནས་རླངས་འཁོར་སྒུག་སྐབས་བུད་མེད་ཁ་ལོ་བས་རང་ངོས་བདེ་འཇགས་རྒྱུ་མཚན་དུ་བྱས་ནས་དང་ལེན་བྱས་མེད། གྲོང་མི་དེས་ཁ་ལོ་བ་དེའི་བྱེད་སྟངས་ནི་ལུགས་དང་མི་མཐུན་པ་ཞིག་ཡིན་པའི་ངོས་འཛིན་བྱས་ནས་ཞུ་སྦྱོར་བྱས་པ་རེད། 

    ཞུ་སྦྱོར་བདག་སྤྲོད་ལྟེ་གནས་ཀྱི་འགན་འཁུར་བ་བསྟན་འཛིན་ཡོན་ཏན་གྱིས་གནད་དོན་དེའི་ཐད་བདལ་གཏོང་རླངས་འཁོར་གཅིག་ལ་ཁ་ལོ་བ་གཉིས་བཀོད་སྒྲིག་བྱས་པ་དང་ཉིན་ལས་དང་མཚན་ལས་ཁོང་གཉིས་པོ་སོ་སོས་བཀོད་སྒྲིག་བྱེད་པ་ལས་ཀུང་སིས་འབྲེལ་ཡོད་གཏན་འབེབས་བཟོ་གི་མེད་ཅེས་བཤད། འགྲུལ་པ་མ་བླུགས་པའི་གནད་དོན་དེར་ཁོང་གིས་ཁ་ལོ་བ་ཉང་བྲན་ཤང་སོགས་གྲོང་ཁུལ་དང་ཐག་རིང་བའི་སར་འགྲོ་བའམ་ཡང་ན་གྲོང་ཁྱེར་དང་ས་ཁུལ་གཞན་དུ་འགྲོ་སྐབས་འགྲུལ་པ་དང་མཉམ་དུ་ཉེན་དོན་ས་ཚིགས་སུ་ཐོ་འགོད་པར་འགྲོ་དགོས་པ་དང་ཆབས་ཅིག་བདལ་གཏོང་རླངས་འཁོར་ཀུང་སིར་ཐོ་འགོད་བྱེད་དགོས། གལ་སྲིད་འགྲུལ་པས་ཐོ་འགོད་མ་བྱས་ཚེ་ཁ་ལོ་བས་འགྲུལ་པ་མ་བླུགས་ཀྱང་ཆོག་གི་ཡོད་ཅེས་འགྲེལ་བཤད་བརྒྱབ། 

    “མཚན་ལས་བྱེད་མཁན་ཁ་ལོ་བར་ར་བཟི་བའི་འགྲུལ་པས་རྙོག་དྲ་སློང་གི་ཡོད། ཁ་ལོ་བ་ཁག་གཅིག་གྲོང་ཁུལ་དང་ཐག་རིང་བའི་ས་ཆར་འགྲོ་སྐབས་ཞེད་སྣང་སྐྱེ་སྟེ་འགྲོ་འདོད་བྱེད་ཀྱི་མེད། ལྷག་པར་དུ་བུད་མེད་ཁ་ལོ་བས་ཞེད་སྣང་ཆེན་པོ་བྱེད་ཀྱི་ཡོད། ཞུ་སྦྱོར་དེ་རིགས་ཐད་སྤྱིར་ན་ང་ཚོའི་ཀུང་སིས་འགྲུལ་པ་དང་འབྲེལ་གཏུག་བྱས་ཏེ་བུད་མེད་ཁ་ལོ་བར་བསམ་ཤེས་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བསྟན་འཛིན་ཡོན་ཏན་གྱིས་བཤད། 

    ཟླ་4ཚེས་2ཉིན། ཞུ་སྦྱོར་བདག་སྤྲོད་ལྟེ་གནས་ལ་འགྲུལ་པ་ཞིག་གི་ཁ་པར་སླེབས། ཁ་པར་ནང་འགྲུལ་པས་ཟླ་4ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་10ཙམ་ལ་བོད་ལྗོངས་དཀྱིལ་འཁོར་ནས་བདལ་གཏོང་རླངས་འཁོར་བསྡད་དེ་ཐའེ་ཁྲེང་གསོལ་མགྲོན་ཁང་དུ་འགྲོ་སྐབས་ཁ་ལོ་བས་རྩིས་ཆས་ལ་མ་བལྟོས་པར་ཐད་ཀར་སྒོར་30དགོས་པའི་རེ་བ་བཏོན་བྱུང་ཞེས་ཞུ་སྦྱོར་བྱས།

    ཞུ་སྦྱོར་འབྱོར་རྗེས་ཞུ་སྦྱོར་བདག་སྤྲོད་ལྟེ་གནས་ཀྱི་ལས་དོན་མི་སྣས་འཕྲལ་མ་ཉིད་དུ་ཁ་ལོ་བ་དང་འབྲེལ་གཏུག་བྱས་ཏེ་གནས་ཚུལ་བདེན་མིན་ཞིབ་དཔྱད་བྱས་ནས་གནས་ཚུལ་བདེན་པ་ཡིན་པའི་གཏན་འཁེལ་རྗེས་འཕྲལ་དུ་ཁ་ལོ་བ་དེར་ལས་མཚམས་ཉིན་3འཇོག་དགོས་པའི་ཆད་པ་བཅད་པ་རེད། 

    བསྟན་འཛིན་ཡོན་ཏན་གྱིས་དྲན་སྐུལ་བྱས་དོན། འགྲུལ་པས་རླངས་འཁོར་སྡོད་སྐབས་ངེས་པར་དུ་འཛིན་ཡིག་ལེན་དགོས་པ་དང་དེའི་ཐོག་བདལ་གཏོང་རླངས་འཁོར་གྱི་འཁོར་བྱང་དང་དེ་བཞིན་ཀུང་སིའི་འཛིན་ཡིག་ཆེད་སྤྱོད་ཐམ་ག་ཡོད། ཁ་ལོ་བས་འཛིན་ཡིག་མ་སྤྲད་ཚེ་འགྲུལ་པས་ཐད་ཀར་ཁ་པར་བརྒྱབ་ནས་ཞུ་སྦྱོར་བྱེད་ཆོག ཞུ་སྦྱོར་ཁ་པར་ནི་0891—6522345རེད། “ལྷ་ས་བདལ་གཏོང་རླངས་འཁོར”གྱི་སྐད་འཕྲིན་སྤྱི་རྟགས་ལ་དོ་ཁུར་བྱས་ཏེ་དྲ་ཐོག་ནས་ཞུ་སྦྱོར་བྱེད་ཀྱང་ཆོག ལས་དོན་མི་སྣས་འཕྲལ་དུ་ཁ་ལོ་བ་དང་གནས་ཚུལ་ཞིབ་བསྡུར་བྱས་ཏེ་ཆུ་ཚོད་24ཡི་ནང་འགྲུལ་པ་དང་འབྲེལ་གཏུག་བྱེད་པ་དང་བསམ་འཆར་ལྡོག་འདྲེན་བྱ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།