[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • དུས་ཚོད་ཐིམ་ཡང་མ་སྤོས་སྟབས་ཁྲིམས་ཁང་གིས་བཙན་ཤེད་ངང་སྤོ་རུ་བཅུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    ཟླ་9ཚེས་15ཉིན་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ཉེ་འགྲམ་གྱི་དུས་ཆད་ཐིམ་ནའང་སྤོ་འདོད་མི་བྱེད་པའི་ཚོང་དུད་24ལ་ཁྲིམས་ཁང་གིས་བཙན་ཤེད་ངང་སྤོ་རུ་བཅུག་པ་དང་། ཉིན་དེའི་ཕྱི་དྲོར་ཚོང་དུད་སྤོ་བའི་ལས་དོན་ཚང་མ་ལེགས་གྲུབ་བྱུང་བ་རེད།

    zhoumj89371.jpg

    འདི་ནི་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་ཚོང་དུད་ལ་ཚོང་ཟོག་དབོར་རོགས་བྱེད་བཞིན་པ།

    བོགས་གཏོང་དུས་ཚོད་མ་ཐིམ་གོང་ནས་སྤོ་རྒྱུའི་བརྡ་ཐོ་བཏང་བ།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པ་ཧྲི་ལེའི་ཀོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2016ལོར་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གིས་ཉེ་འགྲམ་གྱི་ཚོང་ཁང་ཚུར་བསྡུ་རྒྱུའི་ཐག་བཅད་དེ། ཚོང་ཁང་ཧྲིལ་པོ་བོགས་མར་ལེན་མཁན་ལཱ་ཝེ་ཀུང་སིར་བརྡ་ཐོ་བཏང་ཞིང་། ལཱ་ཝེ་ཀུང་སིས་སླར་ཡང་ཚོང་དུད་ཁག་ལ་བོགས་གཏོང་གན་རྒྱའི་དུས་ཚོད་ཐིམ་རྗེས་སྤོ་དགོས་པའི་བརྡ་ཐོ་བཏང་བ་རེད། འོན་ཀྱང་། བོགས་གཏོང་གན་རྒྱའི་དུས་ཚོད་ཐིམ་ནའང་ཚོང་དུད་ཁག་གཅིག་གཏན་ནས་སྤོས་མེད་པ་དང་། 2017ལོའི་ཟླ་12པའི་ཟླ་མཇུག་ཏུ་ཚོང་དུད་གནས་སྤོའི་ལཱ་ཝེ་ཀུང་སིའི་ཞུ་གཏུག་གི་བཅད་ཁྲ་འབྱོར་ཡང་ད་དུང་ཚོང་དུད་33སྔར་བཞིན་སྤོས་མེད། 

    གོ་རིམ་ལག་བསྟར་ནན་པོ་དང་ཡ་རབས་ཁྲིམས་འཛིན་བྱས་པ།

    “ང་ཚོ་ནི་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་དོན་པ་ཡིན། ཁྲིམས་འཛིན་གོ་རིམ་གྱི་ཁྲུན་གཅོད་བརྒྱུད་ཁྱེད་ཀྱིས་བོགས་མར་བླངས་པའི་ཚོང་ཁང་ནས་དེ་རིང་ངེས་པར་དུ་སྤོ་དགོས། འདི་ནི་ལག་བསྟར་གྱི་བརྡ་ཐོ་ཡིན་པས་ཁྱེད་ནས་ཞིབ་ཕྲ་བལྟས་རྗེས་མིང་རྟགས་འགོད་རོགས”ཞེས་བཤད་རྗེས་ལག་བསྟར་བྱ་ཡུལ་དུ་ལག་བསྟར་ཁྲིམས་དཔོན་གྱིས་ལག་བསྟར་བྱ་ཡུལ་ལ་ལག་བསྟར་གྱི་བརྡ་ཐོ་སྒྲོག་སྦྱང་བྱས་པ་རེད། ལག་བསྟར་བྱེད་རིང་། ལག་བསྟར་གོ་རིམ་ཐད་ཐོག་མཐའ་བར་གསུམ་དུ་ལག་བསྟར་ནན་པོ་བྱས་ནས་ཡ་རབས་ལྡན་པའི་ངང་ཁྲིམས་འཛིན་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས“ང་ཚོས་ད་རེས་ཀྱི་བྱ་སྤྱོད་སྤེལ་རྒྱུར་གྲ་སྒྲིག་འཐུས་ཚང་བྱས་ཡོད”བྱ་སྤྱོད་མ་སྤེལ་གོང་། ཚོང་ཁང་མི་རེ་ངོ་རེར་ཚོགས་ཆུང་རེ་བཙུགས་པ་དང་། ཚོགས་ཆུང་ཚང་མར་ཁྲིམས་འཛིན་ཉེན་རྟོག་པ་དང་། མི་དམངས་ཉེན་རྟོག་པ། ལག་བསྟར་ཁྲིམས་དཔོན། ལག་བསྟར་ཁྲིམས་དཔོན་གྱི་ལས་རོགས་དང་ཟིན་བྲིས་རྒྱག་མཁན་བཅས་ཡོད། ལག་བསྟར་བྱེད་རིང་ཁྲིམས་དཔོན་གྱིས་ས་གནས་ས་ཐོག་ཏུ་ལག་བསྟར་གྱི་བརྡ་ཐོ་སྒྲོག་སྦྱང་བྱས་པ་དང་སྦྲགས ཚོང་དུད་སྤོ་རྒྱུར་ལྟ་སྐུལ་དང་རོགས་རམ་བྱས་ཤིང་། ཚོང་དུད་ཀྱིས་མ་སྤོས་པའམ་ཡང་ན་བཅའ་ཁྲིམས་ལག་བསྟར་ལ་འགོག་རྐྱེན་བཟོ་རིགས་ལ་ཁྲིམས་ཁང་གིས་ཁྲིམས་བཞིན་བཀག་ཉར་དང་དངུལ་ཆད་གཏོང་བ་སོགས་ཀྱི་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་པ་དང་། ཐ་ན་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་གི་ཡོད”ཅེས་ངོ་སྤྲོད་བྱས། 

    གནས་ཚུལ་གང་འདྲ་ཞིག་ལ“ལག་བསྟར་བཀག་འགོག་གི་ཉེས་པ”བསགས་པའི་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་ཆོག་གམ།

    ཉི་མ་ཚེ་རིང་གིས“སྟབས་ལེགས་པ་ཞིག་ལ་ལག་བསྟར་བྱེད་རིང་ཚང་མས་གཞོགས་འདེགས་ཡག་པོ་བྱས་བྱུང་། གལ་ཏེ་ལག་བསྟར་ལ་གཞོགས་འདེགས་མི་བྱེད་པ་དང་གནས་ཚུལ་ཚབས་ཆེན་བཟོ་རིགས་ལ‘ལག་བསྟར་བཀག་འགོག་གི་ཉེས་པ’བསགས་པར་གཞིགས་ནས་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས”ཞེས་བཤད།

    བཅད་ཁྲ་དང་ཁྲུན་གཅོད་ལག་བསྟར་མི་བྱེད་པའི་ཉེས་པ་བསགས་རིགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་313གྱི་གཏན་འབེབས་ལྟར། མི་དམངས་ཁྲིམས་ཁང་གི་བཅད་ཁྲ་དང་ཁྲུན་གཅོད་ལག་བསྟར་བྱེད་ནུས་ཡོད་ཀྱང་ལག་བསྟར་མི་བྱེད་པའི་གནས་ཚུལ་ཚབས་ཆེ་རིགས་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཀག་ཉར། དངུལ་ཆད་གཏོང་བའི་ཁྲིམས་ཐག་གཅོད་པ་དང་། གནས་ཚུལ་ཧ་ཅང་ཚབས་ཆེ་རིགས་ལ་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་དང་འབྲེལ་དངུལ་ཆད་གཏོང་རྒྱུ་རེད། གཞན་ཡང་། 2002ལོའི་ཟླ་8ཚེས་29ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ནག་ཉེས་དེའི་ཉེས་གསོག་ཁྱབ་ཁོངས་རྒྱ་ཆེར་བཏང་བར་ཁྲིམས་འཛིན་གྱི་འགྲེལ་བཤད་རྒྱས་པོ་བརྒྱབ་ནས། “མི་དམངས་ཁྲིམས་ཁང་གིས་ཁྲིམས་བཞིན་གཏོང་སྤྲོད་བཀའ་རྒྱ་དང་། གོ་ཆོད་པའི་འདུམ་འགྲིག་ཡི་གེ འདུམ་གཅོད་བཅད་ཁྲ། གཞུང་དཔང་གི་བུན་དབང་ཡིག་རིགས་སོགས་ཀྱི་ལག་བསྟར་ལ་ཁྲུན་གཅོད་བྱས་རིགས་དོན་ཚན་དེའི་ནང་གཏན་འབེབས་བྱས་པའི་ཁྲུན་གཅོད་ཁོངས་སུ་གཏོགས་པ”གཏན་འབེབས་ཁ་གསལ་བྱས་ཡོད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཁྲིམས་དཔོན་གྱིས་དམངས་དོན་བཅད་ཁྲ་དུས་བཀག་ནང་ལག་བསྟར་མི་བྱེད་པའི་དོ་བདག་གི་ཆ་འཕྲིན་ཁྲིམས་ཁང་གིས་ཁྲིམས་བཞིན་ཁ་དན་ཚིག་ལ་མི་གནས་པའི་མིང་གཞུང་ནང་བཅུག་ཆོག་པས། དངུལ་བུན་གཡར་བ་དང་ལས་ཀ་འཚོལ་བ་སོགས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་དང་དུས་མཚུངས། བཙན་ཤེད་ལག་བསྟར་ལ་ངོ་རྒོལ་བྱེད་མཁན་ཁྲིམས་བཞིན་བཀག་ཉར་དང་དངུལ་ཆད་གཏོང་བ་སོགས་ཀྱི་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་ཆོག་པ་དང་། ཐ་ན་ཉེས་དོན་གྱི་འགན་འཁྲི་བདའ་འདེད་གཏོང་ཆོག་པའི་དྲན་སྐུལ་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།