[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།>དེ་རིང་གི་གཞི་རྩའི་གྱོད་གཞི།
  • ཐབས་ཤེས་གཉིས་ལྡན་ཉེན་རྟོག་ལག་འོག་ནས། ཉེས་ཅན་ཐར་པར་སོང་བའི་སྐབས་མ་མཆིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-11

    ཉེ་དུས། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་མུ་འབྲེལ་རྐུ་རྒྱག་གྱོད་གཞི་13རྩད་ཆོད་ནས་སྒོར་ཁྲི་10ལྷག་ཙམ་རི་བའི་རྒྱུ་དངོས་འདེད་ལེན་བྱས་པ་དང་། ཉེས་གསོག་དོགས་ཅན་2བཟུང་པ། བརྐུས་པའི་གློག་སྒུལ་འཁོར་རིགས་དང་སྦག་སྦག་ཁྱོན་10ཚུར་བླངས་པའི་ནང་ནས་འཁོར་རིགས་5ཡི་དོ་བདག་རྙེད་པ་རེད། ཟླ་9ཚེས་3ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་ཅ་དངོས་བརླག་མཁན་སྒྲིག་འཛུགས་བྱས་ཏེ་ཉིང་ལག་རུ་ཁག་ཏུ་གཅིག་གྱུར་ཐོག་ངོས་འཛིན་རྩིས་ལེན་བྱས་པ་རེད།

    ཚེས་3ཉིན་གྱི་སྔ་དྲོར། སྦག་སྦག་དང་གློག་སྒུལ་འཁོར་རིགས་བརླག་མཁན་5ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གསུམ་པའི་གཞུང་ལས་ཁང་དུ་སླེབས་ཤིང་། ཁོང་ཚོས་རང་ཉིད་ཀྱི་ཅ་དངོས་ཡིན་མིན་ངོས་འཛིན་ངེས་གཏན་བྱས་རྗེས་རང་རང་གི་འཁོར་རིགས་ཚུར་བླངས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་འདེད་ལེན་བྱས་པའི་འཁོར་རིགས་10ཡོད་པའི་ནང་གྱོད་དོན་ཐོ་འགོད་བྱེད་མཁན་2མ་གཏོགས་བྱུང་མེད།

    ཟླ་8ཚེས་17ཉིན། གནོད་འཚེ་ཕོག་མཁན་ཀུའོ་ཆེ་གེ་མོའི་རང་གི་སྒོ་རྩར་བཞག་པའི་སྒོར་26800རི་བའི་སྦག་སྦག་ནག་པོ་ཞིག་མིས་བརྐུས། གྱོད་གཞི་དེ་ཐོན་མ་ཐག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་གསུམ་པས་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་རྔ་ཆེན་ཤང་མངགས་གཏོང་ཁང་དང་མཉམ་དུ་གྱོད་གཞི་རྩད་གཅོད་བྱེད་འགོ་བཙུགས་ཤིང་། གྱོད་གཞིའི་གནས་ཚུལ་གསལ་པོ་ཤེས་རྗེས་གྱོད་སྒྲུབ་ཉེན་རྟོག་པས་འཕྲལ་མར་ཁུལ་ཆུང་དེའི་ཉེ་འཁོར་གྱི་ལྟ་འདོམས་གློག་མིག་ལ་བལྟས་པ་དང་འབྲེལ་ཉེ་འཁོར་གྱི་གྲོང་མིར་འདྲི་རྟོགས་ཀྱང་བྱེད་པར་བསྐྱོད། རྩད་གཅོད་བྱས་པ་བརྒྱུད། མི་དམངས་ཉེན་རྟོག་པས་ཟླ་8ཚེས་19ཉིན་སྣེའུ་ཁུལ་གསར་གྱི་འཁོར་རིགས་ཉམས་བཟོ་ཁང་ཞིག་ཏུ་སྦག་སྦག་དེ་བཞག་ཡོད་པ་ཤེས། ཉིན་དེའི་ཆུ་ཚོད་16ཡོལ་ཙམ་ལ་མི་དམངས་ཉེན་རྟོག་པས་ཉམས་བཟོ་ཁང་དུ་སྦག་སྦག་ལེན་པར་ཡོང་མཁན་དེ་བཀག་སྡོམ་བྱས། འདྲི་ཞིབ་བྱས་པ་བརྒྱུད། མི་དེ་ནི་འཁོར་རིགས་ལག་བརྒྱུད་ཚོང་པ་ཞིག་ཡིན་པ་ཤེས། མི་དེས་སྦག་སྦག་དེ་ནི་དོན་ཆེ་གེ་མོ་དང་བཀྲ་ཆེ་མོའི་ས་ནས་ཉོས་པ་ཡིན་ཞེས་བཤད། འབྲེལ་ཡོད་ཁུངས་སྣེ་གཞིར་བཟུང་ཟླ་8ཚེས་20ཉིན་ཉེན་རྟོག་ཕྱོགས་ཀྱིས་ཉེས་གསོག་དོགས་ཅན་དོན་ཆེ་གེ་མོ་དང་བཀྲ་ཆེ་མོ་གཉིས་སྔ་རྗེས་སུ་བཟུང་ཡོད།

    འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་དོན་ཆེ་གེ་མོ་དང་བཀྲ་ཆེ་མོ་གཉིས་ཀྱིས་སྦག་སྦག་བརྐུས་པ་སྦ་གསང་མེད་པར་ངོས་ལེན་ཞུས་པ་དང་འབྲེལ་མི་གཉིས་པོས་2018ལོའི་ཟླ་གཉིས་པ་ནས་བརྒྱད་པ་བར་ཚལ་གུང་ཐང་ཤང་གི་གྲོང་མིའི་སྡོད་ཁང་དང་། ར་མོ་ཆེ་སྡེ་ཁུལ། ཁྲེང་ཀོན་དགའ་ཚལ་ཁུལ་ཀ་པ་ལ་སོགས་ནས་དངུལ་སྨར་དང་། སྦག་སྦག གློག་སྒུལ་འཁོར་རིགས་བཅས་བརྐུས་པ་དང་ཁྱོན་ནག་ཉེས་ཐེངས་13བསགས་པ་ངོས་ལེན་ཞུས་པ་རེད།

    ད་རེས་ཉེན་རྟོག་ཕྱོགས་ཀྱིས་འདེད་ལེན་བྱས་པའི་འཁོར་རིགས་10ཡི་ནང་སྦག་སྦག་3དང་གློག་སྒུལ་འཁོར་རིགས་7ཡོད། གློག་སྒུལ་འཁོར་རིགས་བརྐུས་པའི་གྱོད་ཐོ་འགོད་མཁན་བྱུང་མེད་པས་ཉེན་རྟོག་ཕྱོགས་འཁོར་བདག་འཚོལ་ཁག་པོ་ཡོད་པ་རེད། ཕྱིས་སུ་དུས་བདེའི་ལྷ་སའི་སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་འདེད་ལེན་བྱས་པའི་བརྐུས་དངོས་ཚང་མ་ཇི་མ་ཇི་བཞིན་ཕྱིར་བསྟན་པ་དང་འབྲེལ་གྲོང་ཁྱེར་ཡོངས་སུ་ཁུངས་སྣེ་བཙལ་འཚོལ་བྱས་པ་བརྒྱུད། ངོས་འཛིན་རྩིས་ལེན་བྱེད་པར་ཡོང་མཁན་མི་བཅུ་གྲངས་བྱུང་། ཉེན་རྟོག་ཕྱོགས་ཀྱིས་འཁོར་བདག་གིས་མཁོ་འདོན་བྱས་པའི་ཁུངས་སྣེ་དང་ཉེས་གསོག་དོགས་ཅན་གྱི་བྱས་ཉེས་ངོས་ལེན་ཞུ་ཚིག་ཕན་ཚུན་བསྡུར་བ་བྱས་རྗེས་གློག་སྒུལ་འཁོར་རིགས་ཀྱི་བདག་པོ་གཉིས་རྙེད་ཡོད།

    དོན་ཆེ་གེ་མོ་དང་བཀྲ་ཆེ་མོ་གཉིས་ནི་ལས་མེད་འཁྱམ་པོ་ཡིན་པ་དང་ཁོ་གཉིས་པོས་དེ་སྔོན་ནག་ཉེས་གསོག་མྱོང་ཞིང་། བཀྲ་ཆེ་གེ་མོས་2012ལོར་སྦག་སྦག་བརྐུས་པས་བཙོན་འཇུག་ལོ་བཞི་དང་ཟླ་བ་བཞི་བྱས་པ་དང་དོན་ཆེ་གེ་མོས་རྐུ་མ་བརྐུས་པ་དང་ཁ་བསླུས་བརྒྱབ་པས་བཙོན་འཇུག་ལོ་གཉིས་བྱེད་མྱོང་ཡོད། ཁོ་གཉིས་ཀ་ཉེས་ཅན་ལང་ཤོར་ཡིན་པས་རྐུ་མའི་ལས་ལ་བྱང་ཆུབ་ཅིང་། མི་གཅིག་གིས་སོ་ལྟ་བྱེད་པ་དང་མི་གཞན་དེས་རྐུ་མ་བརྐུས་ནས་མི་རྣམས་ཀྱིས་མ་ཤེས་པ་བྱེད་ཀྱི་ཡོད།

    ངོས་འཛིན་རྩིས་ལེན་བྱེད་པར་ཡོང་མཁན་འཁོར་བདག་གི་ནང་ནས་ཚེ་རིང་ཆོས་སྒྲོན་བཟའ་ཚོ་ནི་སླེབས་སྔ་ཤོས་རེད། “གློག་སྒུལ་འཁོར་རིགས་བརླགས་རྗེས། སླར་ཡང་རྙེད་པའི་རེ་བ་ཆེན་པོ་བཅོལ་མེད། ཉིན་ཤས་གོང་དུས་བདེའི་ལྷ་སའི་ཐོག་སྤེལ་བའི་ཆ་འཕྲིན་མཐོང་རྗེས་གཞི་ནས་ངོས་འཛིན་རྩིས་ལེན་བྱེད་པར་ཡོང་བ་ཡིན”ཞེས་ཚེ་རིང་ཆོས་སྒྲོན་གྱིས་བཤད།

    liy8999.jpg

    འདི་ནི་མི་དམངས་ཉེན་རྟོག་པས་རྐུ་ཤོར་བའི་སྦག་སྦག་དོ་བདག་ལ་ཕྱིར་སྤྲོད་བཞིན་པ།

    ཉེན་རྟོག་པའི་དྲན་སྐུལ།

    གྱོད་གཞི་འདི་རིགས་སླར་ཡང་མ་ཐོན་སྔོན་འགོག་བྱ་ཆེད། ཉེན་རྟོག་ཕྱོགས་ཀྱིས་གྲོང་མིར་རྒྱུན་གཏན་འཚོ་བའི་ནང་Uདབྱིབས་ཀྱི་སྒོ་ལྕག་ཡག་པོ་རྒྱག་དགོས་པ་ཕུད། ད་དུང་ཆ་རྐྱེན་ཡོད་མཁན་གྱིས་འཁོར་རིགས་ལ་GPSབསྒར་ན་ཡག་པོ་ཡོད། དེ་འདྲ་བྱས་ན་བརླགས་ནའང་ཉེན་རྟོག་ཕྱོགས་ཀྱིས་འཚོལ་སྐབས་རྙེད་བདེ་པོ་ཡོད་ཅེས་པའི་བསམ་འཆར་བཏོན་ཡོད། གཞན་ཡང་ཉེན་རྟོག་ཕྱོགས་ཀྱིས་གྲོང་མིར་རྐུ་མ་བརྐུས་པའི་གྱོད་གཞི་ཐོན་ཚེ་དང་ཐོག་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཡོད་དགོས་པ་དང་འཕྲལ་མར་གྱོད་དོན་ཐོ་འགོད་བྱས་ནས་ཉེས་ཅན་པ་རྒྱ་ཡན་དུ་མི་འགྲོ་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།