[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མི་དམངས་ཉེན་རྟོག་པས་གྱོད་དཔེ་དྲངས་ཏེ་རྒྱུན་མཐོང་གི་ཁ་བསླུས་རྒྱག་སྟངས་ལ་འགྲེལ་བཤད་བརྒྱབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    གསར་འགོད་པར་རང་སྐྱོང་ལྗོངས་ཁ་བསླུས་ངོ་རྒོལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། 2022ལོའི་ཟླ་5ཚེས་16ཉིན་ནས་ཚེས་31ཉིན་བར་རང་ལྗོངས་སུ་ཁྱོན་གློག་འཕྲིན་ཁ་བསླུས་གྱོད་གཞི་80ཐོ་འགོད་བྱས་པ་དེ་དུས་མཚུངས་ལས་17.5%ཆག་པ་དང་ཟླ་གོང་མའི་དུས་མཚུངས་ལས་5.8%ཆག་ཡོད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིའི་གྲངས་འབོར་རིམ་བཞིན་ཆག་མོད། འོན་ཀྱང་ཁ་བསླུས་ལ་ངོ་རྒོལ་བྱ་རྒྱུར་ལྷོད་གཡེང་གཏོང་མི་རུང། དེར་བརྟེན་ཉེན་རྟོག་པས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་མཁན་གྱིས་རྒྱུན་མཐོང་བྱེད་ཐབས་གང་འདྲ་སྤྱོད་པ་གསལ་སྟོན་བྱེད་རྒྱུ་ཡིན་པས་ཚང་མས་དོགས་ཟོན་ཆེ་རུ་བཏང་ནས་ཁ་བསླུས་མི་ཐེབས་པ་བྱེད་དགོས།

    བྲིན་རྫུའི་ཞོར་ལས་ཀྱི་མིང་ཐོག་གི་ཁ་བསླུས་རྒྱག་པ།

    2022ལོའི་ཟླ་5ཚེས་16ཉིན་པེ་ཆེ་གེ་མོ་ཆ་རྒྱུས་མེད་པའི་དྲ་ཐོག་ཉོ་ཚོང་གི་QQགྲོགས་ཚོགས་ཤིག་ནང་བཅུག་ནས་གྲོགས་ཚོགས་ནང་གི་ལས་འགན་བླངས་རྗེས་ཁེ་བཟང་རག་གི་ཡོད་པ་རེད། དེ་རྗེས་པེ་ཆེ་གེ་མོས་དུས་གཅིག་ཏུ་ལས་འགན་མང་པོ་བླངས་རྗེས་ཕ་རོལ་པོས་ཁེ་སྤོགས་དངུལ་སྨར་ལེན་ཐབས་མེད་པར་ཁ་གཡར་ནས་མུ་མཐུད་དངུལ་བླུགས་ཏུ་བཅུག་སྟེ་མ་དངུལ་སྒོར་ཁྲི་30ཁ་བསླུས་བརྒྱབ།

    དྲན་སྐུལ། དྲ་རྒྱའི་བྲིན་རྫུ་ནི་ཁྲིམས་འགལ་བྱེད་སྤྱོད་ཡིན་པས་ཚང་མས་ཁེ་བཟང་ཆུང་ངུ་ཞིག་གི་ཆེད་དུ་ཉེས་གསོག་པའི་མགོ་སྐོར་འོག་མི་ཚུད་པར་བྱེད་པ་དང་། སྟབས་བདེ་པོས་ཡོང་འབབ་ཆེན་པོ་གསོག་ཐུབ་པའི་སྟེས་དབང་གི་བསམ་བློ་འཆང་མི་རུང་། མང་ཚོགས་ཀྱི་དོགས་ཟོན་རང་བཞིན་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་དང་སྦྲགས་དྲ་ཐོག་བྲིན་རྫུའི་ཁ་བསླུས་དང་ཁ་བསླུས་རྒྱག་སྟངས་གཞན་དག་ཟུང་འབྲེལ་བྱེད་སྟངས་མངོན་གསལ་དོད་དུ་འགྲོ་གི་ཡོད། ཉེ་དུས་བྲིན་རྫུར་བརྟེན་ནས་མ་འཇོག་ནང་འདྲེན་ཟེར་བ་དང་རྒྱན་འགྱེད་རིགས་ཀྱི་ཁ་བསླུས་ཡང་ཡང་ཐོན་གྱི་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་དོགས་ཟོན་ཆེན་པོ་བྱེད་དགོས།

    དངུལ་བུན་རྫུན་མའི་རིགས་ཀྱི་ཁ་བསླུས།

    2022ལོའི་ཟླ་5ཚེས་20ཉིན་ཉི་ཆེ་གེ་མོས་དྲ་ཐོག་ནས་དངུལ་བུན་གཡར་བའི་བརྡ་ཁྱབ་ཅིག་མཐོང་ནས་དེའི་སྦྲེལ་ཐག་ཕབ་ལེན་བྱས་ཏེ་དངུལ་བུན་གཡར་བའི་APPཐོ་འགོད་བྱས་རྗེས། APPདེའི་ཞབས་ཞུ་བས་ཉི་ཆེ་གེ་མོར་དངུལ་ཁང་གཱ་ཡི་ཆ་འཕྲིན་འབྲི་ནོར་ཤོར་འདུག་པས་ཡིད་རྟོན་ལ་ཤུགས་རྐྱེན་ཐེབས་སྲིད་པར་ཁ་གཡར་ནས་ཉི་ཆེ་གེ་མོའི་དངུལ་སྒོར་ཁྲི་25ཁ་བསླུས་བརྒྱབ།

    དྲན་སྐུལ། དངུལ་བུན་མ་བཏང་གོང་འགྲོ་གྲོན་སྣ་ཚོགས་སྤྲོད་དགོས་པའི་རེ་བ་འདོན་རིགས་ཚང་མ་ཁ་བསླུས་རྒྱག་མཁན་རེད།

    དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་ཞབས་ཞུ་བར་བརྫུས་པའི་རིགས།

    2022ལོའི་ཟླ་5ཚེས་26ཉིན་ལིའུ་ཆེ་གེ་མོར་ཅིང་ཏུང་མྱུར་སྐྱེལ་ཞབས་ཞུ་བ་ཡིན་ཟེར་བའི་ཁ་པར་ཞིག་འབྱོར་བ་དང་། ཕ་རོལ་པོས་ལིའུ་ཆེ་གེ་མོས་ཉོས་པའི་མྱུར་སྐྱེལ་བསྐུར་མ་བོར་བརླག་སོང་བ་དང་། ལིའུ་ཆེ་གེ་མོར་གུན་གསབ་བྱེད་རྒྱུ་ཡིན་པར་ཁ་གཡར་ནས་ལིའུ་ཆེ་གེ་མོའི་མ་དངུལ་སྒོར་ཁྲི་16ཁ་བསླུས་བརྒྱབ།

    དྲན་སྐུལ། ཁ་པར་འབྱོར་ནས་ལས་སྟེགས་ག་གེ་མོའི་ཞབས་ཞུ་བ་དང་མྱུར་སྐྱེལ་ཀུང་སིའི་ཞབས་ཞུ་བ་ཡིན་ཟེར་ནས་ལས་སྟེགས་དང་ཁ་བྲལ་སྟེ་བཀོལ་སྤྱོད་བྱེད་དགོས་པའི་རེ་བ་འདོན་རིགས་ཚང་མ་ཁ་བསླུས་རྒྱག་མཁན་ཡིན་པས་རྒྱ་ཆེའི་གྲོང་མིས་དོགས་ཟོན་ཆེན་པོ་བྱས་ཏེ་མགོ་སྐོར་འོག་མི་ཚུད་པ་བྱེད་དགོས།

    ཟོག་ཉོར་རྫུས་པའི་རིགས།

    2022ལོའི་ཟླ་5ཚེས་28ཉིན་མཱ་ཆེ་གེ་མོར་དམག་ཁུལ་ཁང་གི་ལས་བྱེད་པ་ཡིན་ཟེར་བའི་ཁ་པར་ཞིག་འབྱོར་བ་དང་ཕ་རོལ་པོས་སྦྲ་གུར་200ཉོ་དགོས་ཞེས་བཤད་པ་མ་ཟད། མཱ་ཆེ་གེ་མོར་སྦྲ་གུར་ཀུང་སིའི“ཅིང་ལིའི”ཁ་པར་སྤྲད་རྗེས“ཅིང་ལི”དེས་ཉོ་ཚོང་གྲངས་འབོར་ཆེ་བས་སྔོན་ལ་གཏའ་དངུལ་སྤྲོད་དགོས་པར་ཁ་གཡར་ནས་མཱ་ཆེ་གེ་མོའི་དངུལ་སྒོར་ཁྲི་10ཁ་བསླུས་བརྒྱབ།

    དྲན་སྐུལ། དམག་དཔུང་དང་ཉེན་རྟོག་རུ་ཁག་གི་ཚན་པ་གང་རུང་གིས་ཁེར་རྐྱང་བཟོ་ཚོང་དུད་ཚང་དང་མཉམ་ལས་བྱེད་མི་སྲིད་ལ་ཁ་པར་ཐོག་ནས་ཉོ་སྒྲུབ་ལས་དོན་སྐོར་གྲོས་བསྡུར་དེ་བས་བྱེད་མི་སྲིད། དེ་བས་མང་ཚོགས་ལ་དངུལ་སྔ་བསྣུར་ལ་བསྐུར་དུ་འཇུག་མི་སྲིད་སྟབས། རྒྱ་ཆེའི་མང་ཚོགས་ཀྱིས་རིག་པ་དྭངས་གསལ་བྱས་ཏེ་དོགས་ཟོན་ཆེན་པོ་བྱེད་དགོས།

    ཉེན་རྟོག་པའི་དྲན་སྐུལ། དེང་སྐབས་རང་ལྗོངས་སུ་དྲ་རྒྱའི་དངུལ་བུན་རིགས་ཀྱི་ཁ་བསླུས་དང་། དྲ་རྒྱའི་ཐོག་གྲོགས་པོ་འགྲིག་པར་ཁ་གཡར་ནས་མ་འཇོག་དང་རྒྱན་འགྱེད་ཀྱི་བསླུ་བྲིད་བྱེད་པའི་ཁ་བསླུས། ཞབས་ཞུ་བར་བརྫུས་པའི་རིགས་ཀྱི་ཁ་བསླུས། དྲ་རྒྱའི་ལས་འགན་གཅིག་ལྕོགས་ཀྱི་ཁ་བསླུས། སྤྱི་བདེ་དང་ཞིབ་བཤེར་ཁྲིམས་ཁང་བཅས་ལ་བརྫུས་པའི་ཁ་བསླུས། ཡིད་རྟོན་རིགས་ལ་བརྫུས་པའི་ཁ་བསླུས། འགོ་ཁྲིད་ཀྱི་ངོ་ཤེས་ལ་བརྫུས་པའི་ཁ་བསླུས་ཐོན་མང་བས། ངེས་པར་དུ་དོགས་ཟོན་ཆེན་པོ་བྱས་ནས་ཁ་བསླུས་མི་ཐེབས་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།