[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉིན་མོ་ཁ་དཀར་ངོ་དཀར་མོ་ཊའི་ཤེལ་སྒོ་བཅག རྐུ་མ་གཡག་ཆེན་འདི་ཡི་གླེན་རྟགས་ཚ་བ་ལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    gongrq9a96.jpg

    འདི་ནི་ཉེས་གསོག་དོགས་ཅན་གྱིས་ཉེས་པ་གསོག་ཡུལ་སྟོན་བཞིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་མྱུལ་ཞིབ་དང་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། རླངས་འཁོར་གྱི་ཤེལ་སྒོ་བཅག་ནས་རྐུ་མ་བརྐུ་མཁན་ཉེས་གསོག་དོགས་ཅན་གཅིག་བཟུང་པ་དང་བརྐུས་དངུལ་སྒོར་ཁྲི་6ཚུར་བླངས་པ་རེད། ཉེན་རྟོག་པས་བརྟག་དཔྱད་བྱེད་སྐབས་ཉེས་གསོག་དོགས་ཅན་ནི་གྱོད་གཞི་སྙན་སེང་ཞུ་མཁན་བསྟན་ཆེ་གེ་མོའི་གྲོཌ་པོ་སྤེན་ཆེ་གེ་མོ་ཡིན་པ་ཤེས།

    ཟླ་10ཚེས་10ཉིན་གྱི་སྔ་དྲོའི་ཆུ་ཚོད་བཅུ་པར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པར་བསྟན་ཆེ་གེ་མོས་ཁ་པར་བརྒྱབ་ནས། གྲྭ་བཞི་དཀྱིལ་ལམ་སྡེ་ཁུལ་གྱི་རྒྱལ་སྒོའི་མདུན་དུ་བཞག་པའི་ངའི་རླངས་འཁོར་གྱི་ཤེལ་སྒོ་བཅག་ནས་རླངས་འཁོར་ནང་གི་དངུལ་སྨར་སྒོར་ཁྲི་6བརྐུས་འདུག་ཅེས་སྙན་སེང་ཞུས། ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཆེན་བཞི་པའི་མི་དམངས་ཉེན་རྟོག་པས་འཕྲལ་དུ་གྱོད་གཞི་ཐོན་སར་བསྐྱོད།

    དེ་གར་འབྱོར་རྗེས་བསྟན་ཆེ་གེ་མོས་ཉེན་རྟོག་པ་དང་མཉམ་དུ་སྲང་ལམ་ཚོང་ཁང་གི་ལྡིར་སོ་སྤྲོས་ཆས་ནས་ཁུངས་སྣེ་རྙེད་ཐབས་བྱས། འཁྱུག་ཙམ་ཞིག་ལ་རླངས་འཁོར་བཞག་སའི་ཚོང་ཁང་གི་ལྡིར་སོ་སྤྲོས་ཆས་ཀྱི་བརྙན་ལམ་ནས་མི་དམངས་ཉེན་རྟོག་པས་དོགས་ཡོད་ཉེས་ཅན་རྙེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས“སྐབས་དེ་དུས་ང་ཚོས་བརྙན་ལམ་ནས་མི་གཅིག་རླངས་འཁོར་འཁྲིས་སུ་ཡར་ཕྱིན་མར་ཕྱིན་བྱེད་པ་མཐོང་ཡང་། ངོ་གདོང་གསལ་པོ་མཐོང་གི་མི་འདུག ལྡིར་སོ་སྤྲོས་ཆས་རྒྱབ་ཏུ་ཡོད་ཙང་། རླངས་འཁོར་གྱི་ཤེལ་སྒོ་བཅག་པ་གསལ་པོ་མི་མཐོང་བ་དང་། མི་ཞིག་རླངས་འཁོར་ནང་འཛུལ་བ་དང་རླངས་འཁོར་གྱི་ཤེལ་སྒོ་བཅག་པས་རླངས་འཁོར་གྱི་གློག་ཚུམས་ཙམ་ཚུམས་ཙམ་བྱེད་པ་མཐོང་བྱུང་། ང་ཚོས་ཁོ་པའི་དམིགས་ཡུལ་ནི་རླངས་འཁོར་ནང་གི་དངུལ་ལ་ལྡིར་བ་ཡིན་པ་ཤེས་བྱུང”ཞེས་བཤད། བསྟན་ཆེ་གེ་མོས་ལྡིར་སོ་སྤྲོས་ཆས་ལ་ལྟ་སྐབས་ངོ་ཤེས་པའི་སྣང་བ་ཞིག་བྱུང་སྟེ། ཡག་པོ་བྱས་ནས་ལྟ་སྐབས། རང་ཉིད་ཀྱི་གྲོགས་པོ་སྤེན་ཆེ་གེ་མོ་ཡིན་པ་ཤེས།

    མི་དམངས་ཉེན་རྟོག་པས་དེ་ཉིན་ཆུ་ཚོད་18ཙམ་ལ་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་གི་སྡེ་ཁུལ་ཞིག་གི་ཉེ་འགྲམ་ནས་དོགས་ཡོད་ཉེས་ཅན་སྤེན་ཆེ་གེ་མོ་བཟུང་པ་རེད། “ཐོག་མར་ཁོ་པས་དངུལ་བརྐུས་པ་ཁས་མ་བླངས་པ་དང་ཕྱིས་སུ་ང་ཚོས་ཁོ་པའི་གཅེན་པོ་འབོད་ནས་སློབ་གསོ་བརྒྱབ་པས། གཞི་ནས་རང་ཉེས་ངོས་ལེན་ཞུས་པ་མ་ཟད། བརྐུས་དངུལ་སྒོར་ཁྲི་6དོ་བདག་ལ་སྤྲད་སོང”ཞེས་མི་དམངས་ཉེན་རྟོག་པས་བརྗོད།

    ཉིན་ཞིག་གི་སྔ་དྲོ་བསྟན་ཆེ་གེ་མོས་རླངས་འཁོར་བཏང་ནས་རང་ཉིད་ཀྱི་གྲོགས་པོ་སྤེན་ཆེ་གེ་མོ་ཁྱིམ་དུ་བསྐྱལ་རྗེས། ཁྱིམ་དུ་ལོག་པ་རེད། བསྟན་ཆེ་གེ་མོ་ནི་ཁང་ཚོང་རྒྱག་མཁན་ཡིན་པས། དུས་རྒྱུན་ལུས་ལ་དངུལ་སྨར་མང་པོ་འཁྱེར་བ་དང་དངུལ་སྨར་རླངས་འཁོར་ནང་འཇོག་པའི་གོམས་གཤིས་ཡོད་པ་སྤེན་ཆེ་གེ་མོས་ཤེས་རྗེས། ཁྱིམ་དུ་ལོག་ནས་གྱོན་གོས་བརྗེས་ཏེ་རླངས་འཁོར་གླས་ནས་སླར་ཡང་བསྟན་ཆེ་གེ་མོའི་རླངས་འཁོར་འཇོག་སར་བསྐྱོད། མི་མེད་པ་དང་བསྟུན་ནས་སོ་ཕག་གིས་རླངས་འཁོར་གྱི་ཤེལ་སྒོ་བཅག་སྟེ་དངུལ་སྨར་སྒོར་ཁྲི་6ལྷག་ཙམ་དེ་དག་བརྐུས། ད་ཆ་ཉེས་གསོག་དོགས་ཅན་སྤེན་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་བརྐུས་དངུལ་སྒོར་ཁྲི་6ལྷག་ཙམ་དོ་བདག་ལ་སྤྲད་པ་དང་གྱོད་གཞི་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད། 

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བར། རླངས་འཁོར་བཞག་རྗེས་སྒོ་ཡག་པོ་བརྒྱབ་ནས་འཐེན་ཙམ་བྱེད་པའི་གོམས་གཤིས་ཡོད་དགོས། དེ་ལྟར་བྱས་ཚེ་གཅིག་ནས་རླངས་འཁོར་གྱི་སྒོ་ཡག་པོ་བརྒྱབ་ཡོད་མེད་ཤེས་ཐུབ་པ་དང་། གཉིས་ནས་ཉེ་འཁོར་དུ་རྒྱང་འཛིན་བརྡ་རྟགས་ཀྱིས་འགོག་རྐྱེན་བཟོས་ཡོད་མེད་ལྟ་ཐུབ། རླངས་འཁོར་གྱི་སྒོ་ཡག་པོ་བརྒྱབ་རྗེས་གཞི་ནས། ཁ་བྲལ་ན་བློ་བདེ་པོ་ཡོད། རླངས་འཁོར་འཇོག་སྐབས་བདེ་འཇགས་ཡོད་མེད་ལ་དོ་སྣང་བྱེད་དགོས། རླངས་འཁོར་ལྟ་མཁན་ཡོད་པའི་རླངས་འཁོར་འཇོག་ས་དང་། སྡེ་ཁུལ་གྱི་རླངས་འཁོར་འཇོག་ས། ལས་ཁུངས་ཀྱི་རླངས་འཁོར་འཇོག་ས་སོགས་ཧ་ཅང་བདེ་འཇགས་ཡོད། རྒྱུན་དུ་ཅ་དངོས་གལ་ཆེན་ལུས་ཐོག་ཏུ་འཁྱེར་བའི་གོམས་གཤིས་ཡོད་དགོས། གལ་ཏེ་འཁྱེར་མི་བདེ་བའམ་ཡང་ན་སྤྱོད་མི་དགོས་ཚེ་ཁྱིམ་དུ་འཇོག་དགོས་པ་ལས། རླངས་འཁོར་ནང་འཇོག་མི་རུང་བའི་དྲན་སྐུལ་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།