[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉེ་དུས་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་ཚ་ནན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-22

    下载c_s.jpg

    གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་དུས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཞིག་སྒྲུབ་རིང་། གྱོད་འབྲེལ་དངུལ་ཁང་གཱ་54དང་གྱོད་འབྲེལ་དངུལ་སྒོར་ཁྲི་690ལྷག་ཙམ་གྲུབ་འབྲས་ཐོན་པའི་ངང་བསྡམས་བཅད་བྱས་པ་རེད། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་པའི་གྲོང་མི་ཚོས་གང་འདྲ་བྱས་ཏེ་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་ཉེས་དོན་སྙན་སེང་ཞུ་དགོས་མིན་ཕལ་ཆེར་ཤེས་ཀྱི་མེད། དེས་ན་སྤྱི་བདེ་ལས་ཁུངས་ཀྱིས་དྲན་སྐུལ་ཞུ་རྒྱུར། རྒྱུས་མངའ་ཆེ་ཤོས་ཀྱི་ཉེས་དོན་སྙན་སེང་ཞུ་ཐབས་ནི་110ལ་ཁ་པར་རྒྱག་རྒྱུ་དེ་ཡིན་པ་དང་། ཐབས་ཤེས་གཞན་ཞིག་ནི་ཐད་ཀར་ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ཁ་པར་ཨང་གྲངས་0891-6248870ལ་འབྲེལ་བ་བྱེད་ཆོག གཞན་ཡང་གྲོང་མི་ཚོས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་གྱོད་དོན་སྙན་སེང་ཞུས་ནའང་ཆོག་གི་ཡོད།

    གྱོད་དཔེ་དང་པོ།

    ཟླ་8ཚེས་12ཉིན་གྱི་ཆུ་ཚོད་17ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གནོད་འཚེ་ཕོག་མཁན་ཞུས་ཆེ་གེ་མོའི་གྱོད་དོན་སྙན་སེང་ཞིག་འབྱོར་བ་སྟེ། དེ་ཉིན། ཉེས་གསོག་དོགས་ཅན་གྱིས་ཚན་པ་ཞིག་གི་རྒྱབ་ཕྱོགས་ལས་སྒྲུབ་དོ་དམ་མི་སྣ་ཡིན་ཁུལ་བྱས་ཏེ། ཞུས་ཆེ་གེ་མོར་དམིགས་གཏན་འཁེལ་བའི་ཚོང་ཁང་ནས་ཕག་ཀྲིང་ཉོ་དགོས་པར་ཁ་གཡར་ཏེ་རྩིས་ཐོ་བསྒྱུར་བའི་དངུལ་སྨར་སྒོར་78000ལྷག་ཙམ་མགོ་སྐོར་བཏང་བ་རེད།

    གྱོད་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་འཕྲལ་དུ་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་བསྡམས་བཅད་ཀྱི་ལས་དོན་སྤེལ་ནས་ཁུངས་སྣེ་རེ་རེ་བཞིན་གྲལ་བཤེར་བྱས་པ་དང་། གནོད་འཚེ་ཕོག་མཁན་གྱིས་མཁོ་འདོན་བྱས་པའི་གྱོད་འབྲེལ་དངུལ་ཁང་གཱ་ཡི་ཨང་གྲངས་བརྒྱུད། གྱོད་འབྲེལ་དངུལ་ཁང་གཱ་13དང་གྱོད་འབྲེལ་དངུལ་སྒོར་ཁྲི་100ལྷག་ཙམ་གྲུབ་འབྲས་ཐོན་པའི་ངང་བསྡམས་བཅད་བྱས་པ་རེད།

    གྱོད་དཔེ་གཉིས་པ།

    ཟླ་9ཚེས་9ཉིན་གྱི་ཆུ་ཚོད་11ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གནོད་འཚེ་ཕོག་མཁན་ཝང་ཆེ་གེ་མོའི་གྱོད་དོན་སྙན་སེང་ཞིག་འབྱོར་ཞིང་། ཟླ་7ཚེས་21ཉིན། དྲ་ཚུགས་ཤིག་ནས་ས་རྐོ་འདྲུའི་འཕྲུལ་འཁོར་བོགས་མར་གཏོང་བའི་ཆ་འཕྲིན་ཞིག་མཐོང་རྗེས། ཕ་རོལ་པོའི་སྐད་འཕྲིན་དང་སྦྲེལ་མཐུད་བྱས་ཏེ་ཕ་རོལ་པོའི་དགོས་མཁོ་གཞིར་བཟུང་ཆ་འཕྲིན་ངོ་སྤྲོད་ཀྱི་གྲོན་དངུལ་དང་ཁག་ཐེག་དངུལ་ལ་ཁ་གཡར་ནས་དངུལ་སྨར་སྒོར་5000ལྷག་ཙམ་མགོ་སྐོར་བཏང་ཡོད།

    གྱོད་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་དོན་པས་འཕྲལ་མར་བསྡམས་བཅད་ལས་དོན་སྤེལ་བ་མ་ཟད། གནོད་འཚེ་ཕོག་མཁན་གྱིས་མཁོ་འདོན་བྱས་པའི་གྱོད་འབྲེལ་དངུལ་ཁང་གཱ་ཡི་ཨང་གྲངས་བརྒྱུད་གྱོད་འབྲེལ་དངུལ་ཁང་གཱ་1དང་། གྱོད་འབྲེལ་དངུལ་སྨར་སྒོར་4000ལྷག་ཙམ་བསྡམས་བཅད་བྱས་པ་རེད།

    གྱོད་དཔེ་གསུམ་པ།

    ཟླ་9ཚེས་11ཉིན་གྱི་ཆུ་ཚོད་10ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གནོད་འཚེ་ཕོག་མཁན་དབྱང་ཆེ་གེ་མོའི་གྱོད་དོན་སྙན་སེང་ཞིག་འབྱོར་ཞིང་། ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ། སྐད་འཕྲིན་བརྒྱུད་དེ་ཉེས་གསོག་དོགས་ཅན་དང་འབྲེལ་བ་བྱུང་རྗེས། ཕ་རོལ་པོས་དྲ་རྒྱའི་རྒྱན་འགྱེད་ཆ་འཕྲིན་ངོ་སྤྲོད་དང་དེར་ཞུགས་སུ་བཅུག་ནས་དངུལ་སྨར་སྒོར་65240མགོ་སྐོར་བཏང་ཡོད།

    གྱོད་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་དོན་པས་འཕྲལ་མར་བསྡམས་བཅད་ལས་དོན་སྤེལ་བ་མ་ཟད། གྲལ་བཤེར་ཐུབ་པའི་ཁུངས་སྣེ་དང་གནོད་འཚེ་ཕོག་མཁན་གྱིས་མཁོ་འདོན་བྱས་པའི་གྱོད་འབྲེལ་དངུལ་ཁང་གཱ་ཡི་ཨང་གྲངས་བརྒྱུད། གྱོད་འབྲེལ་དངུལ་ཁང་གཱ་7དང་གྱོད་འབྲེལ་དངུལ་སྒོར་185587བསྡམས་བཅད་བྱས་པ་རེད།

    གྱོད་དཔེ་བཞི་པ།

    ཟླ་9ཚེས་12ཉིན་གྱི་ཆུ་ཚོད་16ཙམ་ལ། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ལ་གྱོད་དོན་སྙན་སེང་ཞུ་མཁན་བདེ་ཆེ་གེ་མོའི་སྙན་སེང་ཞིག་འབྱོར་ཞིང་། ཟླ་9ཚེས་9ཉིན་གྱི་ཆུ་ཚོད་15ཙམ་ལ། ཆ་རྒྱུས་མེད་པའི་མི་ཞིག་གི་ཁ་པར་འབྱོར་ནས་ཕ་རོལ་པོས་ས་གནས་ག་གེ་མོ་ཞིག་གི་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པར་བརྫུས་ཏེ། ཁ་བསླུས་གྱོད་གཞི་དང་འབྲེལ་བའི་མིང་ཐོག་ནས་བརྟག་དཔྱད་ལ་གཞོགས་འདེགས་བྱ་རྒྱུའི་རེ་བ་བཏོན་ཏེ་གློག་ཀླད་ཐོག་བཀོལ་སྤྱོད་བྱེད་དུ་བཅུག་ནས་དངུལ་སྨར་སྒོར་1206800ལྷག་ཙམ་མགོ་སྐོར་བཏང་ཡོད།

    གྱོད་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་དོན་པས་བསྡམས་བཅད་ལས་དོན་སྤེལ་བ་མ་ཟད། རིམ་པ་བཞིན་ཁུངས་སྣེར་གྲལ་བཤེར་བྱས་པས་གྱོད་འབྲེལ་དངུལ་ཁང་གཱ་33དང་གྱོད་འབྲེལ་དངུལ་སྒོར་ཁྲི་500ལྷག་ཙམ་བསྡམས་བཅད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།