[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • གཞིས་རྩེའི་ཉེན་རྟོག་པས་ས་ཐག་རིང་བར་མ་འཛེམས་པར་གློག་འཕྲིན་ཁ་བསླུས་ཀྱི་ནག་ཚང་ཞིག་རྩད་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    fzhb.jpg

     ཟླ་5ཚེས་8ནས་ཟླ་7ཚེས་28ཉིན་བར། གཞིས་རྩེ་གྲོང་ཁྱེར་དུ་གློག་འཕྲིན་གྱི་ཁ་བསླུས་གྱོད་གཞི་7བསྟུད་མར་ཐོན་པ་དང་ཉེས་གསོག་དོགས་ཅན་གྱིས་སྐད་འཕྲིན་གྲོགས་ཚོགས་བརྒྱུད་ནས་ལས་ཀ་ངོ་སྤྲོད་བྱེད་པར་ཁ་གཡར་ཏེ་ལས་མི་བསྡུ་བའི་ཆ་འཕྲིན་རྫུས་མ་ཡོངས་བསྒྲགས་བྱས་ཏེ་ཁ་བསླུས་བརྒྱབ་པར་གྱོད་འབྲེལ་མ་དངུལ་སྒོར་ཁྲི་6ལྷག་ཙམ་ཟིན་ཡོད་པ་རེད།

    ཁ་བསླུས་ཀྱི་གྱོད་གཞི་དེ་རིགས་བརྩམས་པའི་གཡོ་ཐབས་གསར་པ་ཟམ་མི་ཆད་པར་ཐོན་པར་བརྟེན་ནས། ས་ཁོངས་ལས་བསྒྲལ་ནས་ཁ་བསླུས་རྒྱག་པ་དང་མ་དངུལ་འཁོར་ཕྱོགས་རྙོག་འཛིང་ཆེ་བར་བརྟེན་མྱུལ་ཞིབ་ཀྱི་དཀའ་གནད་ཆེ་བ་དང་། དཔང་རྟགས་འཚོལ་དཀའ་བ། ཉེས་ཅན་བཟུང་དཀའ་བ། དངུལ་དེད་དཀའ་བ་བཅས་ལ་སྤྱི་བདེ་ལས་ཁུངས་ཀྱི་གྱོད་དོན་ཐག་གཅོད་བྱེད་མཁན་ཚོར་དཀའ་ངལ་ཆེན་པོ་ཕྲད་ཡོད། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་འབྲེལ་ཡོད་གྱོད་གཞིའི་ཁུངས་སྣེ་གསེད་བཀྲོལ་ཧུར་ཐག་བྱས་ནས། གྱོད་གཞི་དེ་ཉེས་གསོག་ཚོགས་པ་གཅིག་གིས་བསླངས་པ་ཡིན་པར་བརྡར་ཤ་བཅད་པ་དང་རོགས་པ་དང་མཉམ་དུ་གྱོད་གཞི་བརྩམས་པའི་ཁྱད་ཆོས་མངོན་གསལ་དོད་པ་དང་ལས་བགོས་ཁ་གསལ་བའི་ཁར། གྱོད་གཞི་ཐེངས་མང་བསགས་པ་དང་དངུལ་འབོར་མང་བ་མ་ཟད། ཉེས་གསོག་གི་ནག་ཚང་ཧོ་ནན་ཞིང་ཆེན་རུའུ་ཀྲོའུ་གྲོང་ཁྱེར་དུ་ཡིན་པ་གཏན་འཁེལ་རགས་ཙམ་བྱུང་ཡོད།

    ཉེས་གསོག་ནག་ཚང་གཏན་འཁེལ་བྱུང་རྗེས། ཟླ་7ཚེས་19ཉིན་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ཚོགས་ཆུང་བཙུགས་ཏེ། གྱོད་གཞི་རྩོམ་སར་བསྐྱོད་ནས་མྱུལ་ཞིབ་ལས་དོན་སྒྲུབ་འགོ་བརྩམས། ཟླ་7ཚེས་28ཉིན་ཆེད་དོན་ཚོགས་ཆུང་གིས་ཧོ་ནན་ཞིང་ཆེན་རུའུ་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རམ་འདེགས་འོག་གློག་འཕྲིན་ཁ་བསླུས་ཀྱི་ནག་ཚང་དེ་མེད་པར་བཟོས་པར་ཉེས་གསོག་དོགས་ཅན་5བཟུང་བ་དང་དངུལ་ཁང་གཱ་17དང་ལག་ཐོགས་ཁ་པར་7བསྡུས་པ་རེད། ཉེས་གསོག་དོགས་ཅན་ལྔ་པོའི་ལོ་ཚད་17ནས་22བར་ཡིན་པ་དང་གློ་བུར་འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ལྔ་པོས་ཉེས་གསོག་གི་དོན་དངོས་ཁས་བླངས་པ་རེད།

    མིག་སྔའི་བར། ཉེས་གསོག་དོགས་ཅན་གྱིས་ཁྱོན་གྱོད་གཞི་25བརྩམས་པའི་ངོས་ལེན་ཞུས་པ་དང་གྱོད་གཞི་ཁག་བདུན་ཞིབ་བཤེར་རྩད་གཅོད་ཐུབ་པ་དང་དེ་བྱིངས་ཀྱི་གྱོད་གཞི་ཞིབ་བཤེར་བྱེད་སྒང་རེད། ཉེས་གསོག་དོགས་ཅན་རྣམས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་ཆེད་དོན་ཚོཌ་ཆུང་མུ་མཐུད་གྱོད་འབྲེལ་ས་གནས་བཞིར་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞི་རྩད་གཅོད་དང་མྱུལ་ཞིབ་བྱེད་པར་བསྐྱོད་རྒྱུ་རེད།

    གློག་འཕྲིན་ཁ་བསླུས་སྔོན་འགོག་བྱ་ཆེད། གཞིས་རྩེའི་ཉེན་རྟོག་པས་རྒྱ་ཆེའི་མང་ཚོགས་ཚོར“མི་བྱེད་པ་དྲུག”དང“རང་འགུལ་གསུམ”བློ་ལ་བརྟན་པོར་ངེས་དགོས་པའི་དྲན་སྐུལ་བྱས་པ་སྟེ། ཡིད་ཆེས་མི་བྱེད་པ་དང་། དངུལ་མི་བསྐུར་བ། གསང་འཕྲིན་མི་ཤོད་པ། བཤེར་འབེབས་མི་བྱེད་པ། སྦྲེལ་མཐུད་མི་བྱེད་པ། བརྒྱུད་གཏོང་མི་ཉན་པ་བཅས་དང་། གོང་གསལ་གྱི་རིགས་འདྲ་བའི་གནས་ཚུལ་འཕྲད་ཚེ་ཚང་མས་རང་འགུལ་ངང་སྤྱི་བདེ་ལས་ཁུངས་དང་། དངུལ་ཁང་། དོ་བདག་བཅས་ལ་སྐད་ཆ་འདྲི་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།