[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཆུ་གློག་བཟོ་པས་དངུལ་སྨར་སྒོར་ཁྲི་50ཡོད་པ་ཤེས་རྗེས་སྒོར་ཁྲི་10ལག་ཤོར་བཏང་ནས་བརྐུས།

    ཆུ་ཚོད་གཅིག་ནང་གྱོད་གཞི་རྩད་ཆོད་པ་དང་ཉེན་རྟོག་ཕྱོགས་ཀྱིས་དངུལ་ཡོངས་རྫོགས་ཚུར་བླངས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    liy99383_s.jpg

    ཟླ་8ཚེས་26ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གི་ཁུལ་ཆུང་ཞིག་ཏུ་ཆུ་གློག་བཟོ་པ་ཞིག་གིས་ཆུའི་ཆུ་ཚོད་སྒྲིག་སྦྱོར་བྱེད་སྐབས་སྒོར་ཁྲི་10ལག་ཤོར་བཏང་ནས་བརྐུས། དོ་བདག་གིས་“ངའི་ ཁྱིམ་གྱི་དངུལ་སྨར་སྒོར་ཁྲི་10མཐོང་རྒྱུ་མི་འདུག”ཅེས་ཉེན་རྟོག་པར་གྱོད་དོན་སྙན་སེང་འབྱོར་རྗེས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྤྱི་བདེ་ཅུས་རྔ་ཆེན་མངགས་གཏོང་ཁང་གིས་མགྱོགས་མྱུར་གྱོད་གཞི་རྩད་གཅོད་བྱེད་འགོ་ཚུགས་ཏེ་ཆུ་ཚོད་གཅིག་ནང་ཉེས་གསོག་དོགས་ཅན་ཅང་ཆེ་གེ་མོ་བཟུང་ནས་བརྐུས་པའི་དངུལ་ཚང་མ་ཚུར་བླངས་པ་རེད།

    དངུལ་སྨར་སྒོར་ཁྲི་10གར་སོང་ཆ་མེད་དུ་གྱུར་པ།

    ཟླ་8ཚེས་26ཉིན་གྱི་ཆུ་ཚོད་19དང་སྐར་མ་50ཙམ་ལ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་110བཀོད་འདོམས་ལྟེ་གནས་ལ་ཁ་པར་ཞིག་འབྱོར། “ངའི་དངུལ་སྨར་སྒོར་ཁྲི་10མཐོང་རྒྱུ་མི་འདུག”ཅེས་དངངས་སྐྲག་ཆེ་བའི་བུད་མེད་ཅིག་གིས་ཁ་པར་ནས་གནས་ཚུལ་དེ་བརྗོད། མངགས་གཏོང་ཁང་གི་བཀའ་རྒྱ་འབྱོར་རྗེས་རྔ་ཆེན་ཤང་མངགས་གཏོང་ཁང་གིས་གང་མགྱོགས་ལས་ཡུལ་དངོས་སུ་ཉེན་རྟོག་པ་མྱུལ་ཞིབ་ཀྱི་ལས་དོན་སྒྲུབ་པར་མངགས།

    ཉེན་རྟོག་ཕྱོགས་ཀྱིས་མྱུལ་ཞིབ་བྱས་པ་བརྒྱུད། ཆུའི་ཆུ་ཚོད་སྒྲིག་སྦྱོར་བྱེད་མཁན་ཞིག་ལ་ཉེས་གསོག་གི་དོགས་གཞི་ཆེན་པོ་ཡོད་པའི་ངོས་འཛིན་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། དེ་ཉིན་ཕྱི་དྲོ་ཆུ་ཚོད་15ཙམ་ལ་སྔོན་ནས་ཁ་ཆད་བྱས་པ་བཞིན་ཆུ་ཚོད་སྒྲིག་སྦྱོར་བྱེད་མཁན་བཟོ་པ་གཉིས་གནས་ཚུལ་ཐོན་ཡུལ་གྱི་ཁྱིམ་དུ་ཆུའི་ཆུ་ཚོད་སྒྲིག་སྦྱོར་བྱེད་པར་ཡོང་བ་དང་། དེ་ནས་མི་གཅིག་ཆུའི་ཆུ་ཚོད་བཞག་ནས་འཕྲལ་མར་དེ་ནས་ཁ་བྲལ་བ་དང་། གཞན་ཞིག་སྒྲིག་སྦྱོར་བྱས་ནས་བསྡད། སྒྲིག་སྦྱོར་བྱས་རྗེས་བཟོ་པ་དེས་ཁུལ་ཆུང་ནང་གི་དུད་ཁྱིམ་གཞན་ཞིག་ལ་སྒྲིག་སྦྱོར་བྱེད་པར་ཕྱིན།

    དེ་ཉིན་ཆུ་ཚོད་19ཙམ་ལ་གྱོད་དོན་སྙན་སེང་ཞུ་མཁན་གྱིས་རང་ཉིད་ཀྱི་སྒོར་ཁྲི་50བླུགས་པའི་ལྟོ་ཕད་ནང་སྒོར་ཁྲི་10མེད་པ་ཤེས་རྟོགས་བྱུང་བ་དང་སྐབས་དེར་ལྟོ་ཕད་དེ་ཆུའི་ཆུ་ཚོད་སྒྲིག་སྦྱོར་བྱེད་སར་བཞག་ཡོད། དེ་རྗེས་མངགས་གཏོང་ཁང་གི་ཉེན་རྟོག་པས་གྲལ་བཤེར་བྱས་པ་བརྒྱུད་ཁུལ་ཆུང་ནང་ཆུའི་ཆུ་ཚོད་སྒྲིག་སྦྱོར་བྱེད་མཁན་སྐྱེས་པ་ཅང་ཆེ་གེ་མོར་དོགས་གཞི་ཡོད་པའི་ངོས་འཛིན་བྱས།

    ཆུ་གློག་བཟོ་པའི་རླངས་འཁོར་ནས་དངུལ་ཚུར་རག་པ།

    ཡུལ་དངོས་སུ་མི་དམངས་ཉེན་རྟོག་པས་འདྲི་རྩད་བྱེད་སྐབས་ཅང་ཆེ་གེ་མོས་དངུལ་བརྐུས་པའི་དོན་དངོས་ཁས་གཏན་ནས་བླངས་མེད། ཉེན་རྟོག་པས་འབྲེལ་ཡོད་ཁུངས་སྣེ་གཞིར་བཟུང་བརྟག་དཔྱད་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་དཔང་རྟགས་བསྡུ་ལེན་བྱས་པ་རེད། ཕྱོགས་མང་པོར་བརྟག་དཔྱད་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱུང་གསལ། ཅང་ཆེ་གེ་མོ་དང་བཟོ་པ་གཞན་དེས་ཁུལ་ཆུང་དུ་རླངས་འཁོར་ཆུང་གྲས་དཀར་པོ་ཞིག་བཏང་ཡོད་ཀྱང་གྱོད་གཞི་ཐོན་རྗེས་ཁུལ་ཆུང་ནས་རླངས་འཁོར་དེ་བཏང་མེད།

    སྐར་མ་ཁ་ཤས་ཀྱི་རྗེས་སུ་མི་དམངས་ཉེན་རྟོག་པས་རླངས་འཁོར་དེ་རྙེད་པ་དང་འབྲེལ། རླངས་འཁོར་ནང་དངུལ་སྨར་སྒོར་ཁྲི་10ཡོད་པ་རེད། དཔང་རྟགས་ཀྱི་མདུན་དུ་ཅང་ཆེ་གེ་མོས་ཁས་མ་བླངས་ཀ་མེད་བྱུང་། གྱོད་གཞི་རྩད་གཅོད་བྱེད་རིང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཆུ་ཚོད་གཅིག་ནང་གྱོད་གཞི་རྩད་གཅོད་བྱས། ཟླ་8ཚེས་27ཉིན་གྱི་ཞོགས་པ་མངགས་གཏོང་ཁང་གིས་ཉེས་གསོག་དོགས་ཅན་ཅང་ཆེ་གེ་མོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉིང་ལག་རུ་ཁག་ལ་སྔར་བས་བརྟག་དཔྱད་བྱ་རྒྱུར་རྩིས་སྤྲད། འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཅང་ཆེ་གེ་མོས་དངུལ་བརྐུས་པའི་བརྒྱུད་རིམ་ཧྲིལ་པོ་ཁས་བླངས་ཡོད།

    མིག་སྔར། ཉེས་གསོག་དོགས་ཅན་ཅང་ཆེ་གེ་མོས་དངུལ་བརྐུས་པའི་ནག་ཉེས་ལ་གཞིགས་ཏེ་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་སྔར་བས་ཐག་གཅོད་བྱེད་སྒང་རེད།

    ཉེན་རྟོག་ཕྱོགས་ཀྱིས་ཁང་པའི་ནང་འཛུལ་ནས་རྐུ་རྒྱག་སྔོན་འགོག་བྱ་ཆེད། རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་ག་དུས་ཡིན་རུང་བདེ་འཇགས་ལ་དོགས་ཟོན་ཆེན་པོ་བྱེད་དགོས། དང་ཐོག་ཁྱིམ་དུ་དངུལ་སྨར་འབོར་ཆེན་འཇོག་མི་རུང་ལ་དངུལ་ཁང་གི་གཱ་དང་། ཐོབ་ཐང་ལག་ཁྱེར། ཐེམ་ཐོ་བཅས་མཉམ་དུ་འཇོག་རྒྱུ་མེད། དེ་བཞིན་གསེར་དངུལ་གྱི་རྒྱན་ཆ་སོགས་གཞན་གྱིས་ཤེས་སླ་བའི་སར་འཇོག་མི་རུང་བའི་དྲན་སྐུལ་བྱས།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།