[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • འཇོ་མདའ་རྫོང་ཁྲིམས་ཁང་གིས་ཕྱོགས་བསྡུས་ལག་བསྟར་བཀོད་འདོམས་ལྟེ་གནས་ཐོག་མར་སྤྱད་དེ་ཁང་པ་མཛེས་བཟོའི་གན་རྒྱ་ལག་བསྟར་མི་བྱེད་པའི་གྱོད་གཞི་ཞིག་རྒྱང་ཁྲིད་བཀོད་འདོམས་བྱས་ཏེ་གྱོད་ཐག་བཅད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-17

    ཉེ་ཆར། འཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་གིས་ཕྱོགས་བསྡུས་ལག་བསྟར་བཀོད་འདོམས་ལྟེ་གནས་ཐོག་མར་སྤྱོད་པ་དང་། དེང་རབས་གྲངས་གཞི་བརྒྱུད་གཏོང་ལག་རྩལ་དང་4Gཁྲིམས་སྐྱོང་ཟིན་འགོད་ཡོ་བྱད་སྤྱད་དེ་དུས་བསྟུན་སྒྲ་བརྙན་བརྒྱུད་གཏོང་བརྒྱུད། རྒྱང་ཁྲིད་བཀོད་འདོམས་མངོན་གྱུར་བྱུང་ནས་ཁང་པ་མཛེས་བཟོའི་གན་རྒྱ་ལག་བསྟར་མི་བྱེད་པའི་རྩོད་གླེང་གི་གྱོད་གཞི་ཞིག་བདེ་བླག་ངང་གྱོད་ཐག་བཅད་པ་དང་། ལག་བསྟར་བྱ་ཡུལ་གྱིས་འགྱངས་ཆད་བྱས་པའི་ཁང་པ་མཛེས་བཟོའི་འགྲོ་གྲོན་སྒོར་46799བདེ་བླག་ངང་ལེན་རོགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་8ཚེས་29ཉིན། རེ་ཞུ་ལག་བསྟར་བྱེད་མཁན་ཨན་ཆེ་གེ་མོ་དང་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོ་གཉིས་ཀྱིས་ཁང་པ་མཛེས་བཟོའི་གན་རྒྱར་མིང་རྟགས་བཀོད་པ་དང། རེ་ཞུ་ལག་བསྟར་བྱེད་མཁན་ཨན་ཆེ་གེ་མོས་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོའི་འཇོ་མདའ་རྫོང་དུ་ཡོད་པའི་ཨར་ཁང་ཞིག་ལ་མཛེས་བཟོ་བྱ་རྒྱུའི་འགན་འཁུར་བ་དང། ཁང་པ་མཛེས་བཟོའི་ལས་དོན་ཆ་ཚང་ལེགས་སྒྲུབ་བྱས་ཀྱང་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོས་ཁང་པ་མཛེས་བཟོའི་འགྲོ་གྲོན་སྒོར་46799སྤྲད་མེད་པ་རེད། རེ་ཞུ་ལག་བསྟར་བྱེད་མཁན་ཨན་ཆེ་གེ་མོས་དངུལ་སྤྲོད་རྒྱུའི་རེ་བ་ཐེངས་མང་བཏོན་ཀྱང་གྲུབ་འབྲས་གང་ཡང་མ་ཐོན་སྟབས་མཐར་ཁྲིམས་ཁང་ལ་གཏུགས། ཁྲིམས་ཁང་གིས་འདུམ་འགྲིག་བྱས་པ་བརྒྱུད་ཕྱོགས་གཉིས་པོས་2019ལོའི་ཟླ་3ཚེས་10ཉིན་ཆད་དངུལ་དག་ཐེངས་གཅིག་ལ་སྤྲོད་རྒྱུའི་གྲོས་མཐུན་བཞག་པ་རེད། དངུལ་སྤྲོད་པའི་དུས་ཚོད་ཐིམ་རྗེས་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོས་དངུལ་སྤྲོད་བའི་འོས་འགན་མ་སྒྲུབ་སྟབས་ཐབས་ཟད་འུ་ཐུག་འོག་རེ་ཞུ་ལག་བསྟར་བྱེད་མཁན་ཨན་ཆེ་གེ་མོས་བཙན་ཤེད་ལག་བསྟར་བྱེད་རྒྱུའི་རེ་བ་བཏོན་པ་རེད།

    གྱོད་གཞི་དེ་བདག་སྤྲོད་བྱས་རྗེས་འཇོ་མདའ་རྫོང་ཁྲིམས་ཁང་གིས་ཁྲིམས་ལྟར་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོ་ལ་ལག་བསྟར་བརྡ་ཐོ་བཏང་ནས་ཉིན་བཅོ་ལྔ་ཡི་ནང་ཚུན་དུ་དངུལ་སྤྲོད་པའི་འོས་འགན་སྒྲུབ་དགོས་པའི་བཀའ་བཏང་། འོན་ཀྱང་ལག་བསྟར་བྱ་ཡུལ་གྱིས་བཅའ་ཁྲིམས་ཀྱི་ཡིག་ཆའི་ནང་གཏན་འཁེལ་བྱས་པའི་འོས་འགན་མ་སྒྲུབ་པ་མ་ཟད། ལག་བསྟར་བྱ་རྒྱུར་གཡོལ་ཐབས་ཀྱང་བྱས་ཡོད། དེར་བརྟེན་འཇོ་མདའ་རྫོང་ཁྲིམས་ཁང་གིས་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོར་འཕྲལ་སྒྲུབ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གྱོད་གཞི་དེ་ཐོན་ཡུལ་གྱི་ས་ཁམས་ཆགས་ཡུལ་རྙོག་འཛིང་ཆེན་པོ་ཡོད་སྟབས་མང་ཚོགས་རང་བཞིན་གྱི་དོན་རྐྱེན་ཐོན་སླ་པོ་ཡོད། གནས་ཚུལ་དེར་དམིགས་ནས་ཁྲིམས་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཡོན་ཀྲང་དང་། ཁག་བགོས་ལག་བསྟར་བྱེད་མཁན་གྱི་ཡོན་ཀྲང་གཞོན་པ་སོགས་གྲོང་རྡལ་ཕྱོགས་བསྡུས་ལག་བསྟར་བཀོད་འདོམས་ལྟེ་གནས་སུ་བཅའ་སྡོད་བྱས་ནས་གནས་ཚུལ་ཐོན་ཡུལ་གྱི་ལག་བསྟར་བྱ་སྤྱོད་ལ་དུས་བསྟུན་བཀོད་འདོམས་བྱས་པ་རེད།

    ལག་བསྟར་ལས་བྱེད་ཉེན་རྟོག་པ་ལག་བསྟར་བྱ་ཡུལ་དུ་འབྱོར་རྗེས་ཁྲིམས་ཁང་དེའི་ཕྱོགས་བསྡུས་ལག་བསྟར་བཀོད་འདོམས་ལྟེ་གནས་ཀྱི་རྒྱང་ཁྲིད་བཀོད་འདོམས་འོག་ཨར་ཁང་ལ་སྒོ་ཐེལ་རྒྱག་པའི་ལག་བསྟར་གཏན་འབེབས་ཁྲིམས་ལྟར་སྒྲོག་སྦྱངས་བྱས་པ་དང་ལག་བསྟར་གྱི་གཞི་འཛིན་སར་འགྲེལ་བཤད་བརྒྱབ་སྟེ། ཕྱོགས་གཅིག་ནས་ལག་བསྟར་བྱ་ཡུལ་འཆི་མེད་ཆེ་གེ་མོར་བསམ་བློའི་སློབ་གསོ་ཧུར་ཐག་བརྒྱབ་ནས་ལག་བསྟར་བྱ་ཡུལ་གྱིས་དངུལ་སྤྲོད་པའི་འོས་འགན་རང་འགུལ་ངང་བསྒྲུབ་པའི་བརྩོན་ལེན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་དངུལ་སྤྲོད་པའི་འོས་འགན་མ་སྒྲུབ་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ལ་ངེས་པར་དུ་འགན་འཁུར་དགོས་པའི་ནན་བཤད་བྱས་ཡོད། མཐར་ནུས་ལྡན་གྱི་ལག་བསྟར་ཟིལ་ཤུགས་འོག་ལག་བསྟར་བྱ་ཡུལ་གྱིས་དངུལ་སྤྲོད་པའི་འོས་འགན་བསྒྲུབས་ཡོད། ད་རེས་ཀྱི་ལག་བསྟར་ལས་དོན་ལ་བཅའ་ཁྲིམས་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།