[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • དུས་ཚིགས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་དུས་བབ་ཀྱི་བརྡ་གཏོང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

    འདི་ལོ་ཚུན་དུ་རིགས་ཁག་གི་དུག་འབྲེལ་གྱོད་གཞི་75རྩད་ཆོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-27

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་དང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། འདི་ལོའི་དུས་ཚིགས་གཉིས་པའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་བདེ་འཇགས་དུས་བབ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད། གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོའི་དུས་ཚིགས་གཉིས་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས། “ནག་སེལ་གཤེད་བཅོམ”གྱི་མི་དམངས་ཀྱི་དམག་འཐབ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་གཏན་ལ་ཕབ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་ལས་དོན་གྱི་གཙོ་རྐང་ལ་དམ་པོར་དམིགས་ཏེ། དངོས་སྒྲུབ་ནུས་ལྡན་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་། བདེ་སྐྱིད་ཚོར་སེམས། ཐོབ་ཚོར་བཅས་ཕྱོགས་ཡོངས་ནས་མཐོ་རུ་བཏང་བ་རེད།

    ནག་གཤེད་དང་འབྲེལ་བའི་གྱོད་གཞི་མང་པོ་རྩད་ཆོད་པ།

    ཡོངས་བསྒྲགས་ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ལི་ཡུང་ཕིང་གིས་དུས་ཚིགས་གཉིས་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་གཙོ་གནད་རྡུང་རྡེག་གཏོང་ཡུལ་22ལ་དམིགས་ཏེ། ནག་གཤེད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྒྱུན་མཐུད་ངང་རྡུང་རྡེག་དང་ཁྲིམས་ཆད་བཏང་བ་རེད། ལྷག་པར་དུ་ལས་ཀའི་ཁྱབ་རྒྱ་ཆེ་རུ་བཏང་སྟེ་ནག་གཤེད་ཀྱི་ཉེས་གསོག་ལ་ཁྲིམས་ཆད་གཏོང་བའི་ལས་དོན་ཞིང་འབྲོག་ཁུལ་བར་དུ་སྤེལ་བ་རེད། དུས་ཚིགས་གཉིས་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ནག་གཤེད་དང་འབྲེལ་བའི་གྱོད་གཞི་མང་པོ་རྩད་བཅད་ནས་ཉེས་གསོག་དོགས་ཅན་58བཟུང་བ་དང་། ཁྲིམས་དང་མི་མཐུན་པའི་ངང་ས་ཞིང་བར་ཚོང་དང་ཁྲིམས་དང་མི་མཐུན་པའི་ངང་རྨོ་ཞིང་བཟུང་བའི་གྱོད་གཞི་3རྩད་ཆོད་ནས་ཉེས་གསོག་དོགས་ཅན་3བཟུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གཞན་ཡང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་དུག་འགོག་སྡེ་ཚན་གྱིས་རྡུང་རྡེག་དང་ཡོ་བསྲང་ཟུང་དུ་སྦྲེལ་བའི་བྱ་ཐབས་སྤྱད་དེ་དུག་འགོག་ལས་དོན་གྱི“རྡུང་རྡེག་དང་། དོ་དམ། དྲིལ་བསྒྲགས། ཡོ་བསྲང”བཅས་ཀྱི་ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་དུག་འགོག་ལས་དོན་གྱི་བཀོད་པ་གསར་པ་བཏོད་ནས། དུག་འགོག་ལས་དོན་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་བ་རེད། འདི་ལོ་ཚུན་དུ་རིགས་ཁག་གི་དུག་འབྲེལ་གྱོད་གཞི་75རྩད་ཆོད་པ་དང་། རིགས་ཁག་གི་ཉེས་གསོག་དོགས་ཅན་107བཟུང་བ། དུག་རྫས་ཁེ་4000ལྷག་ཙམ་གཞུང་བཞེས་བཏང་བ། སྡེ་ཁུལ་དུ་མི་22དུག་གཅོད་དུ་བཅུག་པ། མི་20བཙན་སྐུལ་ངང་ལོགས་སུ་དབྱེ་ནས་དུག་གཅོད་དུ་བཅུག་པ་རེད།

    རླངས་འཁོར་འཇོག་ས་ཆིག་ཁྲི་ཙམ་མང་དུ་གཏོང་རྒྱུ་ཡིན་པ།

    ལི་ཡུང་ཕིང་གིས་དུས་ཚིགས་གཉིས་པར་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལས་འཛོལ་ཐོན་ཚད་དུས་མཚུངས་ལས་8.6%འཕར་བ་དང་། མི་སྣ་ཤི་རྨས་བྱུང་ཚད་དུས་མཚུངས་ལས་19%ཆག་པ། མི་སྣར་རྨས་སྐྱོན་ཕོག་ཚད་དུས་མཚུངས་ལས་13.9%འཕར་བ། ཐད་ཀའི་རྒྱུ་ནོར་གྱོང་གུན་ཕོག་ཚད་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། 

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་གྱིས་ཆང་བཏུངས་འཁོར་གཏོང་གི་ཆེད་དོན་བཅོས་སྒྲིག་གོ་སྐབས་སུ་བྱས་ཏེ། ལམ་ངོས་ཀྱི་ཁྲིམས་འགལ་གནད་དོན་ལ་གཙང་བཤེར་བཅོས་སྒྲིག་ཤུགས་ཆེན་བྱས་པ་དང་། ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་། ཤོང་ཚད་དང་མྱུར་ཚད་ལས་བརྒལ་བ། ལམ་རྟགས་ལ་མི་བལྟོས་པ། གློག་སྒུལ་འཁོར་རིགས་ཀྱི་ཁྲིམས་འགལ་གནད་དོན་སོགས་ལ་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ་ཟམ་མི་ཆད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། དེ་དང་ཆབས་ཅིག འཕེལ་སྒྱུར་དང་འཆར་འགོད། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱས་པ་དང་ལྷ་ས་གྲོང་ཁྱེར་གྱི་སྤྱི་པའི་རླངས་འཁོར་འཇོག་ས་འཛུགས་སྐྲུན་མགྱོགས་པོ་བྱེད་པར་སྐུལ་འདེད་བཏང་བ་དང་། རླངས་འཁོར་འཇོག་ས་ཁག་43འཛུགས་སྐྲུན་བྱེད་བཞིན་ཡོད་པར་མོ་ཊ་འཇོག་ས་ཆིག་ཁྲི་ལྷག་ཙམ་མང་དུ་ཕྱིན་ཏེ་གྲོང་མིའི་རླངས་འཁོར་འཇོག་དཀའ་བའི་གནད་དོན་ཞི་ལྷོད་དུ་འགྲོ་རྒྱུ་རེད། སྤྱི་འཁོར་གྱི་ཆེད་སྤྱོད་ལམ་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ཞིང་། མིག་སྔར་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་ཐིག་བརྒྱབ་ཟིན་པ་དང་། ཆ་འཕྲིན་ཅན་དུ་འཇུག་པ་དང་ཚད་ལེན་ཚོད་ལྟའི་ལས་དོན་སྤེལ་བཞིན་ཡོད་ཅིང་། འབྲེལ་ཡོད་ལས་དོན་མཇུག་འགྲིལ་རྗེས་སྤྱི་འཁོར་གྱི་ཆེད་སྤྱོད་ལམ་དངོས་སུ་སྤྱོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད། 

    liy98666.jpg

    པར་འདི་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་མཁོ་འདོན་བྱས་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།