[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལམ་རྒྱུད་ཚོང་ཁང་དུ་རྐུ་རྒྱག་གི་གྱོད་གཞི་མང་པོ་ཐོན་པས།

    ཉེན་རྟོག་ཕྱོགས་ཀྱིས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་ཉེས་གསོག་དོགས་ཅན་འཕྲལ་མར་བཟུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-20

    gongrq9818_s.jpg

    འདི་ནི་ཚུར་བླངས་པའི་རྒྱུ་ནོར་ཡིན་པ།

    ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་ལས་རྐུ་འཁྱེར་གྱི་བྱེད་སྤྱོད་ཀྱིས་མང་ཚོགས་ཀྱི་ཁྲིམས་མཐུན་རྒྱུ་ནོར་ཁེ་དབང་ལ་བཙན་གནོད་བྱེད་པ་མ་ཟད། མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཀྱང་ཇེ་སྡུག་ཏུ་གཏོང་གི་ཡོད་སྟབས། སྤྱི་ཚོགས་ཀྱི་བདེ་འཇགས་སྤྱི་ལ་ཤུགས་རྐྱེན་བཟོ་གི་ཡོད། དུས་ཡུན་རིང་པོའི་ནང་། ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་ལ་རྡུང་རྡེག་གཏོང་ཤུགས་ཆེ་རུ་བཏང་ནས་ཁྲིམས་འགལ་བ་འཇིགས་སྣང་སྐྱེད་པ་བཟོས་ཡོད་ནའང་། རྐུ་འཁྱེར་ཉེས་གསོག་གི་རིགས་ད་དུང་ཡང་ཐོན་གྱི་ཡོད་སྟབས། དེའི་རྒྱུ་རྐྱེན་ལ་བསམ་བློ་གཏིང་ཟབ་གཏོང་དགོས་པར་གྱུར། ད་ལོའི་ཟླ་5པ་ནས་7པའི་བར། ལྷ་ས་གྲོང་ཁྱེར་གྱི་ལམ་རྒྱུད་ཚོང་ཁང་དུ་རྐུ་འཁྱེར་གྱོད་གཞི་མང་པོ་ཐོན་པར་བརྟེན། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ལམ་སེང་བྱ་སྤྱོད་སྤེལ་བས་ཉེས་གསོག་དོགས་ཅན་ཞིག་བདེ་བླག་ངང་འཛིན་ཐུབ་པ་བྱུང་ཡོད།

    གྱོད་སྒྲུབ་སྟ་གོན།

    2019ལོའི་ཟླ་5པ་ནས་7པའི་བར། ལྷ་ས་གྲོང་ཁྱེར་གྱི་ལམ་རྒྱུད་ཚོང་ཁང་དུ་རྐུ་འཁྱེར་གྱོད་གཞི་མང་པོ་ཐོན་པར་བརྟེན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་སྡེ་ཚན་ཁག་གི་ཉེན་རྟོག་པ་ཧྲག་པོ་འཐེན་ནས། ཆེད་དོན་གྱོད་སྒྲུབ་ཚོགས་པ་བཙུགས་ཏེ་བརྟག་དཔྱད་དཔང་འཚོལ་གྱི་ལས་དོན་སྤེལ་བ་རེད། མྱུལ་ཞིབ་མི་སྣས་རྐུན་མ་ཤོར་སའི་ཚོང་ཁང་ལ་བརྟག་དཔྱད་དཔང་འཚོལ་བྱེད་ཞོར་གྱོད་གཞི་ཐོན་ཡུལ་ཉེ་འཁོར་གྱི་གློག་མིག་ལས་བླངས་པའི་པར་ལ་བལྟས་རྗེས་རྐུ་འཁྱེར་གྱོད་གཞི་དེ་དག་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་རྟོགས་པ་རེད།

    མྱུལ་ཞིབ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། རྐུ་འཁྱེར་གྱོད་གཞི་དེ་དག་ཐོན་པའི་དུས་ཚོད་ནི་ཐོ་རེངས་ཀྱི་ཆུ་ཚོད་3པ་དང་4པའི་གཡས་གཡོན་དུ་ཡིན་པ་དང་། ཉེས་གསོག་དོགས་ཅན་གྱིས་རྐང་བཙུགས་ནས་ཅུང་ཁུག་ཀྱོག་ཏུ་གནས་པའི་ལམ་རྒྱུད་ཚོང་ཁང་ལ་རྐུ་བརྒྱབ་པ་དང་ལྕགས་ཧྲེང་ལ་བརྟེན་ནས་སྒོ་བཅགས་ཀྱི་ཡོད་པས། མྱུལ་ཞིབ་མི་སྣས་གནས་ཚུལ་དེ་དག་ལ་གཞིགས་ནས་རྐུ་འཁྱེར་གྱོད་གཞི་དེ་དག་མཉམ་དུ་སྒྲུབ་འགོ་ཚུགས།

    འོན་ཀྱང་། གྱོད་གཞི་དེའི་ཉེས་གསོག་དོགས་ཅན་མྱུལ་ཞིལ་ལ་རྒོལ་བའི་ནུས་པ་ཅུང་ཆེ་ཞིང་། རྐུ་མ་རྐུ་སྐབས་རྒྱུན་དུ་རང་ཉིད་ཡོངས་སུ་བཏུམས་པས་མྱུལ་ཞིབ་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། ཡིན་ནའང་། མྱུལ་ཞིབ་མི་སྣས་ཟླ་བ་གཅིག་རིང་འབད་བརྩོན་ལྷོད་མེད་བྱས་མཐར་གྱོད་སྒྲུབ་ལ་ཕན་འབྲས་ཐོན་ཡོད།

    “ང་ཚོས་གྱོད་གཞི་ཐོན་ཡུལ་ཚང་མའི་གློག་མིག་གི་པར་ཕན་ཚུན་བསྡུར་རྗེས་གྱོད་གཞི་ཐོན་ཡུལ་ཞིག་ནས་ཉེས་གསོག་དོཌ་ཅན་གྱིས་ཁ་རས་བརྒྱབ་མེད་པས་ངོ་གདོང་གསལ་པོ་མཐོང་བྱུང”ཞེས་མྱུལ་ཞིབ་མི་སྣས་བརྗོད།

    རལ་གྲི་བཤམས་པ།

    ཟླ་7ཚེས་23ཉིན། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་ཆེད་དོན་ཚོགས་འདུ་འཚོགས་ཏེ། བསྐྱར་དུ་དབྱེ་ཞིབ་དང་འཇུ་བཟུང་འཆར་གཞི་ཞིབ་ཕྲ་བཟོས་པ་རེད། ཟླ་7ཚེས་24པའི་ཐོ་རེངས་ལ། མྱུལ་ཞིབ་མི་སྣས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྕགས་རོང་གྲོང་ཚོའི་བོགས་གཏོང་ཁང་པ་ཞིག་ནས་ཉེས་གསོག་དོགས་ཅན་ཕི་ཆེ་གེ་མོ་བཟུང་བ་རེད། དེ་རྗེས་ཕི་ཆེ་གེ་མོའི་བོགས་གཏོང་ཁང་པར་སྔོག་བཤེར་བྱས་ནས་ཀྲུང་ཧྭ་སོགས་ཐ་མག་རྩེ་གྲ་དར་ཚན་5དང་། མའོ་ཐེ་ཨ་རག་དང་ཕྱི་རྒྱལ་གྱི་ཨ་རག་ཤེལ་དམ་རེ། ལག་འདོགས་ཆུ་ཚོད་རྩ་ཆེན་གཉིས། གཡང་ཊིའི་ལག་གདུབ་ཆ་3སོགས་སྔོག་གཤེར་ཐུབ།

    འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཕི་ཆེ་གེ་མོས་2019ལོའི་ཟླ་5པ་ནས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དང་ཅང་སུའུ་ལམ་སོགས་སུ་ནག་ཉེས་15བསགས་པ་དང་། ལྕགས་ཧྲེང་གིས་ལམ་རྒྱུད་ཚོང་ཁང་གི་སྒོ་བཅགས་ཏེ་ཚོང་ཁང་ནས་དངུལ་སྨར་དང་ཐ་མག རིན་གོང་མཐོ་བའི་ཨ་རག་གྲགས་ཅན་སོགས་བརྐུས་པར་གྱོད་འབྲེལ་དངུལ་སྒོར་ཁྲི་11ལྷག་ཙམ་ཟིན་པའི་ནག་ཉེས་ཀྱི་དོན་དངོས་ཇི་མ་ཇི་བཞིན་ཁས་བླངས་པ་རེད།

    མིག་སྔར། ཉེས་གསོག་དོགས་ཅན་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བཀག་ཉར་བྱས་ཟིན་པ་དང་། མྱུལ་ཞིབ་མི་སྣས་ཚུར་བླངས་པའི་རྒྱུ་ནོར་རྣམས་དོ་བདག་ལ་རྩིས་སྤྲད་ཡོད། གྱོད་གཞི་དེར་སྔར་བས་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།