[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • མྱུར་བགྲོད་ལམ་དུ་རླངས་འཁོར་རྒྱབ་བཤིག་བརྒྱབ། ཐེངས་མ་གཅིག་ལ་སྐར་མ་བཅུ་གཉིས་བཅག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    ཟླ་6ཚེས་17ཉིན། རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་དུ་ཁ་ལོ་བས་རླངས་འཁོར་རྒྱབ་བཤིག་བརྒྱབ་པའི་འགྲིམ་འགྲུལ་གྱི་གྱོད་གཞི་ཞིག་ཐོན། མི་དམངས་ཉེན་རྟོག་པས་གནས་ཚུལ་ཤེས་རྗེས། འགྲིམ་འགྲུལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་རླངས་འཁོར་གྱི་ཁ་ལོ་བར་སྐར་མ་12གཅོག་པ་དང་དངུལ་ཆད་སྒོར་200གཏོང་རྒྱུའི་གཏན་འབེབས་བྱས། དང་ཐོག་ཁ་ལོ་བ་དེས་ཁྲིམས་འགལ་གྱི་བྱེད་སྤྱོད་ཁས་གཏན་ནས་བླངས་མེད། འོན་ཀྱང་མི་དམངས་ཉེན་རྟོག་པས་པར་ལེན་བྱས་པའི་བརྙན་ཐུང་ལ་བརྟེན་ནས་ཁྲིམས་ལས་འགལ་བར་གཏན་འཁེལ་བྱས་པས། བརྙན་ཐུང་གི་དཔང་རྟཌ་མདུན་དུ་ཁ་ལོ་བ་དེས་རང་ཉིད་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁས་མི་ལེན་ཀ་མེད་བྱུང་ཡོད།

    res01_attpic_brief.jpg

     པར་རིས་ནང་རྟགས་འཁོད་པ་འདི་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་རླངས་འཁོར་ཡིན་པ།

    ཟླ་6ཚེས་17ཉིན། རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་དུ་འགྲིམ་འགྲུལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་གྲ་ནང་གི་ཕྱོགས་སུ་ཐོན་སར་སྐོར་གཡེང་བྱེད་སྐབས་ལྷ་སའི་འཁོར་རྟགས་ཡིན་པའི་འཇིབ་ཆུང་དཀར་པོ་ཞིག་རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་G349+1080km ཡི་གཤམ་ངོས་སུ་ཐོན་སར་རྒྱབ་བཤིག་རྒྱག་གི་ཡོད་པ་ཤེས། ཁ་ལོ་བས་རླངས་འཁོར་རྒྱབ་བཤིག་བརྒྱབ་རྗེས་གྲ་ནང་གི་ཕྱོགས་སུ་ཐོན་སའི་ལམ་ཆུང་ནས་དེ་མ་ཉིད་དུ་རིམ་མཐོའི་གཞུང་ལམ་ནས་ཁ་བྲལ། རླངས་འཁོར་བདེ་འཇགས་ངང་རིམ་མཐོའི་གཞུང་ལམ་ནས་ཁ་བྲལ་རྗེས་མི་དམངས་ཉེན་རྟོག་པས་ཁ་བཀག 

    འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱེད་སྤྱོད་དེའི་སྐོར་སྐད་ཆ་འདྲི་སྐབས། ཁ་ལོ་བ་དེས། རླངས་འཁོར་བཏང་ནས་རྩེད་ཐང་དང་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་དུ་སྐྱོད་སྐབས། རླངས་འཁོར་གྱི་མྱུར་ཚད་མགྱོགས་དྲགས་པའི་དབང་གིས་གྲ་ནང་གི་ཕྱོགས་སུ་ཐོན་སའི་ལམ་ཆུང་གི་ལམ་བྱང་ལ་སྣང་བ་གཏན་ནས་མ་བྱུང་བས། གྲ་ནང་གི་ཕྱོགས་སུ་ཐོན་སའི་ལམ་ཆུང་ཡོལ་བ་མ་ཟད། ཐོན་ས་རྗེས་མ་དང་བར་ཐག་རིང་བས་གྲ་ནང་གི་ཕྱོགས་སུ་ཐོན་སར་རླངས་འཁོར་རྒྱབ་བཤིག་བརྒྱབ་པ་ཡིན་ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ཁ་ལོ་བ་དེས་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་རྒྱབ་བཤིག་བརྒྱབ་པའི་བྱེད་སྤྱོད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》གི་དོན་ཚན་གྱ་གཉིས་པའི་ནང་གསེས་དང་པོའི་འཕྲུལ་སྒུལ་འཁོར་རིགས་མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས། རྒྱབ་བཤིག་དང་། ཟློག་སྐྱོད། དཀྱིལ་ཐིག་བཅད་ནས་ཁ་ལོ་སྒྱུར་བའམ་ཡང་ན་འཁོར་ལམ་དུ་རླངས་འཁོར་ཁ་བཀག་མི་ཆོག་པའི་གཏན་འབེབས་ལས་འགལ་བས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་དགུ་བཅུའི་གཏན་འབེབས་ལ་གཞིགས་ནས། རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་འགྲིམ་འགྲུལ་སྐོར་གཡེང་ཉེན་རྟོག་རུ་ཆེན་གྱིས་ཁ་ལོ་བ་དེར་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་12གཅོག་རྒྱུ་དང་དངུལ་ཆད་སྒོར་200གཏོང་རྒྱུའི་གཏན་འབེབས་བྱས་ཡོད།

    མྱུར་བགྲོད་དམ་རིམ་མཐོའི་གཞུང་ལམ་གྱི་རྒྱུད་དུ་ཛ་དྲག་རླངས་འཁོར་འཇོག་ས་བཀོད་སྒྲིག་བྱས་ཡོད་པས། གལ་ཏེ་ཁ་ལོ་བར་ཛ་དྲག་གི་གནས་ཚུལ་ལམ་ཡང་ན་ཐོལ་བྱུང་དོན་རྐྱེན་འཕྲད་ཚེ། རླངས་འཁོར་གནས་སྐབས་ཛ་དྲག་རླངས་འཁོར་འཇོག་ཁུལ་དུ་བཞག་ཆོག 

    ལྷོ་ཁ་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བར་དྲན་སྐུལ་བྱས་དོན། རྩེད་ཐང་ནས་གོང་དཀར་བར་གྱི་རིམ་མཐོའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཕྱོགས་གཉིས་ཀར་ལྡིར་སོ་སྤྲོས་ཆས་སྒྲིག་སྦྱོར་བྱས་ཡོད་པས། རྒྱ་ཆེའི་ཁ་ལོ་བས་སྟེས་དབང་གི་བསམ་པ་བཅངས་ནས་ལམ་རྒྱུད་དུ་གང་བྱུང་དུ་རྒྱབ་བཤིག་རྒྱག་པ་དང་ཁ་ལོ་སྒྱུར་བ་ལ་སོགས་བྱེད་མི་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།