[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • རྣམ་གླིང་རྫོང་སྤྱི་བདེ་ཅུས་ཀྱིས།

    ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཅིག་རྩད་ཆོད་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-27

    ཉེ་དུས། རྣམ་གླིང་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་རུ་ཆེན་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས། ཉིན་ཤས་གོང་རྒྱལ་ལམ་562རྣམ་གླིང་རྫོང་དུམ་བུ་ནས་ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ཅིག་རྩད་ཆོད་པ་རེད།

    དེ་ཉིན་གྱི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་50ཡི་ཐོག་རུ་ཆེན་དེའི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས། ཟོག་འདྲེན་རླངས་འཁོར་ཆུང་གྲས་ཤིག་གི་ཁ་ལོ་བ་ཀྲང་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་འཁྱེར་མེད་པ་ཤེས་རྟོགས་བྱུང་བ་དང་ལས་སྒྲུབ་མི་དམངས་ཉེན་རྟོག་པས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཕྱོགས་བསྡུས་བཀོལ་སྤྱོད་ལས་སྟེགས་བརྒྱུད་ཁ་ལོ་བ་དེའི་གཞི་རྩའི་ཆ་འཕྲིན་ཞིབ་དཔྱད་བྱས། འདྲི་རྩད་བྱས་པ་བརྒྱུད་ཁ་ལོ་བ་ཀྲང་ཆེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པའི་གནས་ཚུལ་འོག་གཞུང་ལམ་ཐོག་རླངས་འཁོར་བཏང་ནས་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་ཉེས་པ་བསགས་པ་ཤེས།

    འདྲི་རྩད་ཞིབ་ཕྲ་བྱས་པ་བརྒྱུད་ཀྲང་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ངོས་ལེན་ཇི་མ་ཇི་བཞིན་ཞུས། རུ་ཆེན་དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་གོ་དགུ་པའི་ནང་གསེས་དང་པོའི་གཏན་འབེབས་གཞིར་བཟུང་ཀྲང་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བའི་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་སྲིད་འཛིན་ཆད་པ་སྒོར་1900བཅད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།