[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • རླངས་འཁོར་ནས་རྐུ་ཡང་ཡང་རྒྱག་མཁན་ཉེས་གསོག་དོགས་ཅན་ཞིག་བཟུང་པ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-27

    ཟླ་5ཚེས་1ཉིན་ནས་བཟུང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ལ“རྡུང་རྡེག་གསུམ་དང་བཅོས་སྒྲིག་གཅིག”གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས་ཚུན། རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་ཆེ་ཆུང་མང་པོ་ཞིག་བསྟུད་མར་རྩད་བཅད་དེ་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་འགན་ལེན་བྱས་པ་རེད།

    ཉེ་ཆར། མཐུན་སྒྲིལ་གྲོང་གསར་དང་ནག་ཆུ་དོན་གཅོད་ཁྲུའུ་ཡི་ཉེ་འགྲམ་དུ་རླངས་འཁོར་ནང་ནས་རྐུ་ཤོར་བའི་གྱོད་གཞི་བསྟུད་མར་ཐོན་པས། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པར་བརྟེན། ལྷ་སའི་ཉེན་རྟོག་ཕྱོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས། ཉིན་གསུམ་རིང་མྱུལ་ཞིབ་ཧུར་ཐག་བྱས་པས་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་བཟུང་ཐུབ་སྟེ་ཐེངས་མང་རླངས་འཁོར་ནས་རྐུ་ཤོར་བའི་གྱོད་གཞི་དེ་རྩད་ཆོད་པ་རེད།

    ཟླ་5ཚེས་20ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གི་རུ་ཆེན་བཞི་པར་གྱོད་དོན་སྙན་སེང་གསུམ་འབྱོར་ཞིང་། གྱོད་གཞི་གསུམ་པོ་དེ་དག་ཚང་མ་རླངས་འཁོར་ནས་རྐུ་བརྒྱབ་པ་དང་འབྲེལ་བ་ཡོད་པ་མ་ཟད། མཐུན་སྒྲིལ་གྲོང་གསར་ཉེ་འགྲམ་དུ་ཐོན་ཡོད། དེའི་ཁྲོད་ཀྱི་གྱོད་དོན་སྙན་སེང་ཞུ་མཁན་ཞིག་གིས་དེ་ཉིན་སྔ་དྲོའི་ཆུ་ཚོད་དགུ་པར་ཁང་པ་ནས་དོན་དུས་རླངས་འཁོར་གྱི་ཤེལ་སྒོ་བཅག་སྟེ་དངུལ་ཁུག་ནང་གི་དངུལ་སྨར་སྒོར་6000ཡེ་ནས་མཐོང་རྒྱུ་མི་འདུག་པས་ཁོང་ཁྲོ་ཆེན་པོ་ལངས་ནས་ཉེན་རྟོག་ཕྱོགས་ལ་རྐུན་མ་ཁྲིམས་ལ་སྦྱོར་དགོས་པའི་རེ་བ་བཏོན་པ་ཡིན་ཞེས་བརྗོད། དུས་ཚོད་ཐུང་ཤོས་ནང་རྐུན་མ་བཟུང་ནས་ཁྲིམས་ལ་སྦྱར་ཐུབ་ཆེད། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་རེར་དབྱེ་ཞིབ་ནན་ཏན་བྱས་པས་ཉེས་གསོག་དོཌ་ཅན་གྱི་རྒྱག་སྟངས་ཧ་ཅང་འདྲ་བར་བརྟེན་ཉེ་དུས་ཐོན་པའི་རླངས་འཁོར་ནས་རྐུ་རྒྱག་མཁན་མི་གཅིག་ཡིན་པའི་གཏན་འཁེལ་བྱས།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བཅར་འདྲི་དང་བརྟག་དཔྱད་ཐེངས་མང་བྱས་རྗེས། ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས་པ་དང་འབྲེལ་ཁོ་པའི་འཁྱམ་མྱུལ་བྱེད་ས་མྱུལ་ཞིབ་བྱས་པ་རེད། ཟླ་5ཚེས་23ཉིན་གྱི་ཆུ་ཚོད་21སྐབས་གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་གཙང་བྲན་དཀྱིལ་ལམ་གྱི་ཨར་ཁང་ཞིག་ནས་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་བཟུང་། བརྟག་དཔྱད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོས་ནམ་རྒྱུན་ནས་ལས་མེད་འཁྱམ་མྱུལ་བྱས་ནས་དུས་བདའ་བར་བྱེད་ཅིང་། རྒྱན་ཤོར་ནས་བུ་ལོན་སྒོར་ཁྲི་8ཙམ་བཟོས་པ་མ་ཟད། ད་དུང་རྒྱན་ཤོག་ཉོ་རྒྱུར་དབྱིངས་ཚུད་ཡོད། ཟླ་5ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པར་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོས་མཐུན་སྒྲིལ་གྲོང་གསར་ཉེ་འགྲམ་དུ་འཁྱམ་མྱུལ་བྱེད་སྐབས་ལམ་འགྲམ་གྱི་རླངས་འཁོར་ཁ་ཤས་ནང་དངུལ་ཁུག་སོགས་ཡོད་པ་མཐོང་། དེ་རྗེས་རྐུ་རྒྱག་པའི་བསམ་བློ་འཁོར་ནས་རླངས་འཁོར་གྱི་ཤེལ་སྒོ་བཅག་སྟེ་རླངས་འཁོར་གསུམ་ནས་རྐུན་མ་བརྐུས།

    ཁ་བརྙོགས་རྗེས་བསོད་ཆེ་གེ་མོས་ཚེས་21དང་22ཉིན་དུས་ཚོད་དེ་རང་དུ་བྱེད་ཐབས་དེ་རང་སྤྱད་དེ་མཐུན་སྒྲིལ་གྲོང་གསར་དང་ནག་ཆུ་དོན་གཅོད་ཁྲུའུ་ཡི་ཉེ་འགྲམ་དུ་སླར་ཡང་རླངས་འཁོར་བདུན་ནས་རྐུ་བརྒྱབ། ཉེན་རྟོག་པས་འཛིན་སྐབས་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོས་རླངས་འཁོར་བཅུ་ཙམ་ནས་རྐུན་མ་བརྐུས་པའི་གྱོད་འབྲེལ་དངུལ་སྨར་དང་། ལག་ཐོགས་ཁ་པར། གསེར་དངུལ་རྒྱན་ཆ་སོགས་ཀྱི་རིན་ཐང་སྒོར་ཁྲི་3.7ལྷག་ཙམ་ཟིན་པ་མ་ཟད། བརྐུས་པའི་དངུལ་ཚང་མ་རྒྱན་ཤོག་ཉོ་རྒྱུའི་ཐད་སྤྱད་ཡོད། འདྲི་ཞིབ་བྱེད་རིང་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོས་རླངས་འཁོར་ནང་ནས་རྐུ་བརྒྱབ་པའི་གྱོད་གཞིར་གཞན་དག་4ངོས་ལེན་ཞུས་ཡོད། མིག་སྔར་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་པ་དང་འབྲེལ་ཡོད་གྱོད་གཞིར་སྔར་བས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།