[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་རྩོད་པ།
  • ལྷ་སར་ནག་ཚང་ཞིག་བཏོར་བ།

  • ཡོང་ཁུངས།   ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-02-21

    བཟའ་བཅའི་བདེ་འཇགས་ནི་དམངས་འཚོའི་རྩ་བ་ཡིན་མོད། རྒྱུ་འབྲས་མེད་པའི་ཚོང་པས་ཁེ་བཟང་ཆེད་དུ་སྡུག་ལག་བཟའ་བཅའ་བཟོ་ཁོངས་སུ་བརྐྱངས། ཉིན་ཤས་གོང་དུ་དན་བག་སྡེ་ཁུལ་ཉེན་དོན་ཁང་གི་ཉེན་རྟོག་པ་དང་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་གྲོང་ནུབ་ཡན་ལག་ཅུས་ཀྱི་ལས་དོན་པས་མཉམ་དུ་ནག་ཚང་ཞིག་མེད་པ་བཟོས་པ་རེད།

    ཟླ་2ཚེས་7ཉིན་བཅིངས་འགྲོལ་ནུབ་ལམ་མངགས་གཏོང་ཁང་དན་བག་སྡེ་ཁུལ་ཉེན་དོན་ཁང་གི་ཉེན་རྟོག་པས་མ་ཡུར་དཀྱིལ་མའི་ངོགས་ཀྱི་བཟའ་བཅའ་ལས་སྣོན་ཁང་ཞིག་ཏུ་རྒྱུན་གཏན་གྱི་ཞིབ་བཤེར་བྱས་ཤིང་། བོགས་གཏོང་ཁང་པ་ཞིག་གི་སྒོ་རྩ་ནས་སྐྱོད་སྐབས། སྐྱུར་དྲི་སྐྱུག་བྲོ་པོ་ཞིག་ཁ་བ་དང་གང་བྱུང་དུ་དབྱུགས་པའི་ཕག་པའི་རྣ་ཅོག་ཕུང་གསོག་ཅིག་མཐོང་། ནང་དུ་འཛུལ་སྐབས་ལས་སྣོན་ཁོར་ཡུག་དེ་བས་སྐྱུག་བྲོ་པོ་ཡོད་པ་དེ་སྐྱུར་དྲིའི་འབྱུང་ཁུངས་ཡིན་པ་རེད།

    ཉེན་རྟོག་པས་འཕྲལ་དུ་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་གྲོང་ནུབ་བཟོ་ཚོང་ཡན་ལག་ཅུས་ཀྱི་ཁྲིམས་འཛིན་མི་སྣ་དང་འབྲེལ་བ་བྱས་ཏེ་མཉམ་དུ་བརྟག་དཔྱད་བྱེད་སྐབས། བཟོ་ཁང་དེར་ལས་སྣོན་ཚོང་གཉེར་ལག་ཁྱེར་སྣ་གཅིག་མེད་པར་བཟོ་ཁང་རྫུས་མ་འཁྲུལ་མེད་ཅིག་ཡིན་པ་རེད། འདྲི་རྩད་མུ་མཐུད་བྱས་པ་བརྒྱུད་ལས་སྣོན་བྱས་ཟིན་པའི་ཕག་པའི་རྣ་ཅོག་དེ་དག་ཉེ་འཁོར་གྱི་ཚོང་པ་ཉི་ཚེ་བ་ཁག་ལ་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་།

    ས་ཆ་དངོས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཁྲིམས་འཛིན་མི་སྣས་ཡན་ལག་ཅུས་ཀྱི་འགོ་ཁྲིད་པར་གོང་ཞུ་བྱས་ཏེ་ལས་ཡུལ་དངོས་དང་ལས་སྣོན་བྱ་རྒྱུའི་ཕག་ཤར་ཁྲིམས་ལྟར་སྒོ་ཐེལ་བརྒྱབ་པ་དང་སྦྲགས་བཟོ་ཁང་དེ་ཁྲིམས་ལྟར་མེད་པ་བཟོས་པ་རེད།

    གྲོང་ནུབ་བཟོ་ཚོང་ཡན་ལག་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ངོ་སྤྲོད་བྱས་དོན། “བཟོ་ཁང་རྫུས་མ”ནི་བཟོ་ཚོང་སྡེ་ཚན་ལ་ཐོ་འགོད་མ་བྱས་པར་སྒེར་གྱིས་གཉེར་བའི་བཟོ་ཁང་ལ་ཟེར་བ་དང་། སྤྱིར་ན་བཟའ་བཅའ་དང་སྨན་རྫས་སོགས“མེད་པ་གསུམ”གྱི་ཐོན་རྫས་རྫུས་མ་དང་སྤུས་ཞན་ཐོན་སྐྱེད་བྱེད་ཀྱི་ཡོད། 2011ལོ་ནས་བཟུང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་གཅིག་སྡུད་ཐོག“རྫུས་མ་བཞི་ལ་རྡུང་རྡེག་དང་གནོད་འཚེ་བཞི་མེད་པ་བཟོ་བའི”ཆེད་དོན་ལས་འགུལ་སྤེལ་ནས་བཟའ་བཅའ་དང་སྨན་རྫས་རྫུས་མ་དང་སྤུས་ཞན་བཟོ་ཚོང་དང་། ཐོན་སྐྱེད་དང་འཚོ་བའི་སྤྱོད་ཆས་རྫུས་མ་དང་སྤུས་ཞན་བཟོ་ཚོང་། བརྐུས་དངོས་བརྐུ་ཚོང་དང་ཆགས་སྲེད་དང་རྒྱན་འགྱེད་དུག་རྫས་བཅས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་དང་བཅོས་སྒྲིག་ནན་ཏན་བྱས་པ་རེད།

    མིག་སྔར། ཡན་ལག་ཅུས་ཀྱིས་སྟོད་ལུང་བདེ་ཆེན་ཆུས་བཟའ་བཅའ་དང་སྨན་རྫས་དོ་དམ་ཅུས་ལ་ནག་ཚང་དེའི་འགན་འཁུར་བ་དང་འཕྲོག་པའི་ཕག་ཤ་ཐག་གཅོད་ཞིབ་ཕྲ་བྱ་རྒྱུར་རྩིས་སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།