
དུས་ཡུན་ཟླ་4ལྷག་ཙམ་རིང་། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གཞིས་རྩེ་རུ་ཆེན་གྱི་མེ་ཟོན་རོགས་སྐྱོབ་མི་སྣ་20ཡིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དང་གྲོ་མོ་རྫོང་གཉིས་སུ་བཅའ་སྡོད་འགོག་སྲུང་ལས་འགན་ལེགས་སྒྲུབ་བྱས་ཏེ། ཟླ་4ཚེས་26ཉིན་བདེ་འཇགས་ངང་ཕྱིར་འཐེན་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ཟླ་12ཚེས་15ནས་2022ལོའི་ཟླ་4ཚེས་30ཉིན་བར་ནི་བོད་རང་སྐྱོང་ལྗོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་མཚམས་གལ་ཆེན་ཞིག་ཡིན་པས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ནན་དུ་གཏོང་བ། མེ་གསོད་གེགས་སེལ་སོགས་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་བཅས་བྱ་ཆེད། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་བཀའ་རྒྱ་ལྟར། གཞིས་རྩེ་རུ་ཆེན་གྱིས་2021ལོའི་ཟླ་12ཚེས་20ནས་2022ལོའི་ཟླ་4ཚེས་26ཉིན་བར་བཅའ་སྡོད་འགོག་སྲུང་ལས་འགན་ལག་བསྟར་བྱས་པ་རེད།