[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • གཞི་རིམ་གྱི་མཁར་རྫོང་སྟོབས་ཆེར་བཏང་། དཀའ་སྤྱད་ཕྱུག་འགྱུར་གྱི་གཏམ་བཟང་སྙན།

    ལྷ་རྩེ་རྫོང་སླེའུ་ཤང་སྔོ་མོ་རྫོང་གྲོང་ཚོར་བཅའ་སྡོད་ལྗོངས་ཚོང་དོན་ཐིང་གི་ལས་དོན་རུ་ཁག་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-15

    azgl9927c.jpg

    འདི་ནི་ལྷ་རྩེ་རྫོང་སླེའུ་ཤང་སྔོ་མོ་རྫོང་གྲོང་ཚོའི་བྱིས་པ་ཚོས་གླུ་གཞས“ང་ཡི་ཀྲུང་གོའི་སེམས་པ”ཞེས་པ་གཏོང་བཞིན་པ།

    ལྷ་རྩེ་རྫོང་སླེའུ་ཤང་སྔོ་མོ་རྫོང་གྲོང་ཚོ་དེ་སྔ་གཞིས་རྩེར་སྐད་གྲགས་ཆོད་པའི་གྲོང་ཚོ་དབུལ་པོ་ཞིག་རེད། དབུལ་སྒྲོལ་མགྱོགས་པོ་ཐུབ་ཆེད། སྔོ་མོ་རྫོང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ལས་དོན་རུ་ཁག་གིས་ཏང་འཛུགས་སྐྱོང་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ལྷོད་མེད་བྱས་ནས་ཏང་འཛུགས་སྐྱོང་ལ་བརྟེན་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་འབྱོར་འབྲིང་ལམ་བུའི་ཐོག་སྐྱོད་ཡོད།

    གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་བཏང་བ།

    རྨང་གཞི་བརྟན་པོ་མེད་ན་ས་གཞི་འགུལ་བ་དང་རི་ཀླུང་གཡོ་སྲིད། སྔོ་མོ་རྫོང་གྲོང་ཚོར་བཅའ་སྡོད་ལྗོངས་ཚོང་དོན་ཐིང་གི་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་གཞི་རིམ་གྱི་ཏང་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་རྒྱུན་གཏན་གྱི་སློབ་གསོ་དང་། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ། གྲོང་ཚོའི་ལས་བྱེད་པའི་བྱང་ཚད་མཐོ་རུ་གཏོང་བའི་གསོ་སྦྱོང་སོགས་སྤེལ་བ་བརྒྱུད། ཞིང་འབྲོག་པ་ཏང་ཡོན་གྱི་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ཏེ། སྔོ་མོ་རྫོང་གྲོང་ཚོའི་ཏང་ཀྲི་པུའུ་འདི་ཉིད་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲངས་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་པོར་འགྱུར་ཐུབ་པ། བརྟན་ལྷིང་སྲུང་སྐྱོང་བཅས་དང་། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཧུར་ཐག་བསྐྲུན་པ་རེད།

    མང་ཚོགས་ཀྱི་རྨང་གཞི་བརྟན་པོ་བཙུགས་པ།

    རྩ་བ་ཚུགས་ན་ལོ་འདབ་རྒྱས་པ་དང་གཞི་རྩ་བརྟན་ན་ཡན་ལག་རྒྱས། གྲོང་སྡོད་ལས་དོན་རུ་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་འདི་ཉིད་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་འཇུག་ཐུབ་པ་བྱས་ནས་མང་ཚོགས་ཀྱི་བྱ་སྤྱོད་དང་གོམས་གཤིས་ཀྱི་ཚད་ཤིང་དུ་འགྱུར་བ་བྱས་པ་རེད།

    སྲོལ་གསར་བཙུགས་ཤིང་། སྔོ་མོ་རྫོང་གྲོང་ཚོས་གྲོང་སྲོལ་དམངས་ཆིངས་བཟོས་ནས་ལག་བསྟར་བྱས་པ་དང་ལམ་ལུགས་ཀྱི་སྟོན་ཕྱོགས་བཙུགས་པ་བརྒྱུད། ལམ་ལུགས་ལ་བརྟེན་ནས་གྲོང་མིའི་གཏམ་བརྗོད་དང་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། གོམས་སྲོལ་སྒྱུར་བའི་དྲིལ་བསྒྲགས་རི་མོ་བྲིས་ནས་སྤྲད་པ་དང་ཤེས་དཔལ་སྦྱར་ཡིག་བཀལ་ནས་ཞིང་འབྲོག་མང་ཚོགས་ཀྱི་མཐུན་སྒྲིལ་དགའ་གཅེས་དང་ཕན་ཚུན་རོགས་རེས་ལ་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱས་ཏེ་གྲོང་པ་ཁྱིམ་མཚེས་འཆམ་མཐུན་གྱི་མི་ཆོས་རིག་གནས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བཏོད་པ། “གོམས་སྲོལ་བསྒྱུར་ནས་རྨོངས་དད་དོར་བ་དང་། གོམས་སྲོལ་ངན་པ་སྒྱུར་བའི”སྒྲོག་འགྲེལ་ཆེ་མོ་དང་། “གྲོང་ཚོར་གཙང་སྦྲ་བྱེད་པའི་བྱ་སྤྱོད”སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཚུལ་མིན་གྱི་གོམས་གཤིས་བསྒྱུར་ཏེ་ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པའི་འཚོ་བའི་འདུ་ཤེས་བརྟན་པོ་བཙུགས་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་། འགལ་ཟླ་དང་རྩོད་གཞི་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བསལ་ནས་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་འགན་ལེན་ཧུར་ཐག་བྱས་ཡོད་པ་རེད།

    དམངས་ཀྱི་སེམས་ཁྲལ་སེལ་ནས་དབུལ་སྒྲོལ་ལ་རོགས་རམ་བྱས་པ།

    སྔོ་མོ་རྫོང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱེད་པའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ལྗོངས་ཡོངས་སུ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་གཅིག་སྡུད་སྒྲོག་འགྲེལ་དང་། དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས། ཁྱིམ་ཚང་གི་འཕྲོད་བསྟེན་དཔྱད་བསྡུར་སོགས་ཀྱི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་ཚོ་དང་གྲོང་ལྷན་གྱི་ཁོར་ཡུག་གཏོད་རྒྱུར་ཁྲིད་སྟོན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་འཕྲོད་བསྟེན་གྱི་འདུ་ཤེས་དང་། བདེ་ཐང་གི་འདུ་ཤེས། ཤེས་དཔལ་གྱི་འདུ་ཤེས་བཅས་ཟབ་ཏུ་བཏང་ཡོད། མང་ཚོགས་སྒྲིག་འཛུགས་བྱས་ནས་གཟའ་འཁོར་རེར་གཙང་སྦྲ་འཕྲོད་བསྟེན་གྱི་བྱེད་སྒོ་ཐེངས་རེ་སྤེལ་བ་དང་ཤིང་འཛུགས་ནགས་བཟོ་དང་རྩ་ར་སྲུང་སྐྱོང་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཞིང་། མིག་སྔའི་བར་འཕྲོད་བསྟེན་གྱི་དཔྱད་བསྡུར་ཐེངས་2སྤེལ་བ་དང་། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་ཐེངས་100ལྷག་ཙམ་བྱས་པ། གྲོང་ཚོར་གཙང་སྦྲ་ཐེངས་40ལྷག་ཙམ་བྱས་པ། ཤིང་སྡོང་1000ལྷག་ཙམ་བཙུགས་ཡོད་པ་རེད། 

    ལས་དོན་རུ་ཁག་གིས་དམངས་ཕན་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་གྲོང་ཚོའི་ལས་བྱེད་པ་དང་གྲོང་སྡོད་ལས་དོན་རུ་ཁག་གི་ལས་རེས་ལམ་ལུགས་དོན་འཁྱོལ་བྱས་ནས་དུས་ཐོག་ཏུ་གྲོང་མི་ཚོར་འགན་བཅོལ་དང་སྨན་བཅོས་རྩིས་ཞུ་སོགས་ཀྱི་ངོ་སྤྲོད་ཡི་གེ་འབྲི་བ་དང་། གྲོན་དངུལ་ཞབས་ཞུ་མཁོ་འདོན། ལག་ཐོགས་ཁ་པར་བཀོལ་སྤྱོད་ཀྱི་མཛུབ་ཁྲིད། དྲ་ཐོག་ཉོ་སྒྲུབ་དྲིལ་བསྒྲགས། སྲིད་དོན་ཞབས་ཞུའི་དྲ་བ་ཐོ་འགོད་སོགས་ཀྱི་ཞབས་ཞུ་སྒྲུབ་པ་དང་སྦྲགས། མང་ཚོགས་ཀྱི་བློ་འདྲི་སྣ་ཚོགས་དང་ལེན་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།