[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • གྲོང་མིའི་བསམ་འཆར་ཧུར་ཐག་ཉན། སེམས་རྩ་འཁོལ་པོས་ཞབས་འདེགས་ཞུས།

    ​ —— ལྷ་ས་གྲོང་ཁྱེར་གྱི་12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་དོན་ལ་བཀྲག་མདངས་འཚེར་ས་མང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    ལྷ་སར་12345ལ་ཕུན་སུམ་ཚོགས་པའི་དོན་སྙིང་ལྡན་པ་སྟེ། སྡེ་ཚན་མང་པོའི་ཐད་སྦྲེལ་ཁ་པར་བསྡུ་རུབ་དང་་འཛད་སྤྱོད་པའི་བློ་འདྲི། ཐེར་འདོན་ཞུ་གཏུག དམངས་འཚོའི་རེ་ཞུ་སོགས་དོན་ཚན་མང་པོ་གཅིག་སྡུད་བྱས་ཡོད། སྔོན་ཆད་སྡེ་ཚན་ཁག་ཏུ་ཁ་ཐོར་བའི་ཁ་པར་ཨང་གྲངས་མང་པོ་དང་ལས་སྟེགས་མང་པོའི་ཐད་གཏོང་ཁ་པར་ཨང་གྲངས་ད་ཆ་ལས་སྟེགས་གཅིག་གི་ཐོག་གཅིག་སྡུད་བྱས་པའི་དམིགས་ཡུལ་ནི་གྲོང་མི་ཚོར་དེ་བས་ཆེད་ལས་ཅན་དང་། ཕན་འབྲས་ཆེ་བ། ཞིབ་ཚགས་ཅན་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱ་ཆེད་རེད།

    ལྷ་ས་གྲོང་ཁྱེར་གྱི་12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ནི་སྔོན་ཆད“12345ཧྲི་ཀྲང་གི་ཐད་སྦྲེལ་ཁ་པར”གྱི་རྨང་གཞིའི་ཐོག་བཙུགས་པ་ཞིག་རེད། 2015ལོའི་ལོ་འགོར། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཐིང་གིས་སྣེ་ཁྲིད་པ་དང་། ཀྲུང་གོ་གློག་འཕྲིན་ལྷ་ས་ཡན་ལག་ཀུང་སིས་གཞོགས་འདེགས་བྱས་ནས་ཟླ་5ཙམ་གྱི་ཛ་དྲག་གི་གྲ་སྒྲིག་བརྒྱུད་2015ལོའི་ཟླ་6ཚེས་1ཉིན་དངོས་སུ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་པ་རེད།

    མིག་སྔའི་བར། 12345སྲིད་གཞུང་གི་ཞབས་ཞུའི་ཐད་འབྲེལ་ཁ་པར་ཤར་གཏོང་ཐུབ་ནས་ལོ་4སོང་རིང་། མང་ཚོགས་ཀྱི་ཁ་པར་ཁྲི་14ལྷག་ཙམ་ཉན་པ་དང་། མདུན་སྟེགས་ནས་ཐད་ཀར་སྒྲུབ་གཉེར་དང་གྲོང་ཁྱེར་སྲིད་གཞུང་ལྟ་སྐུལ་ཞིབ་བཤེར་གཞུང་དོན་ཁང་གིས་ལྟ་སྐུལ་སྒྲུབ་གཉེར་བྱས་པའི་ལས་དོན་ཁྲི་10ལྷག་ཙམ་ཟིན་པ། སྒྲུབ་འགན་ཁུར་མཁན་ཚན་པར་གློག་རྡུལ་ལས་ཐོ་ཁྲི་4ལྷག་ཙམ་བསྐྱལ་བ། སྒྲུབ་གཉེར་ཟིན་ནས་བརྡ་ལན་སློག་ཚད་100%ཟིན་པ། མང་ཚོགས་ཀྱིས་ཚུར་ལན་བྱས་པར་བློ་ཡིད་ཚིམ་ཚད་99.34%ཟིན་ཡོད། དེའི་ནང་གཙོ་བོ་ལས་མིའི་གླ་ཆ་འགྱངས་ཆད་དང་། གློག་བཀག་པ་དང་ཆུ་བཀག་པ། རང་བྱུང་སོལ་རླངས་སྒྲིག་སྦྱོར། ཁྲིམས་འགལ་འཛུགས་སྐྲུན། ཡུལ་སྐོར་ཐེར་འདོན། གྲོང་ཁྱེར་གྱི་ལམ་འགག་པ། རླངས་འཁོར་འཇོག་དངུལ་གང་བྱུང་དུ་ལེན་པ། སྡེ་ལས་དོ་དམ། ཚན་པའི་ལས་དོན་པར་ཐེར་འདོན་བྱས་པ་བཅས་དང་། དེ་བཞིན་བློ་འདྲི་དང་གྲོས་འགོ་བཏོན་པ་སོགས་ཚུད་ཡོད།

    12345སྲིད་གཞུང་གི་ཐད་སྦྲེལ་ཁ་པར་དེ་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཞབས་འདེགས་ཞུ་བའི་སྐར་ཁུང་ཞིག་ཏུ་གྱུར་ཆེད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གིས་དཔུང་ཁག་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྒྲུབ་གཉེར་བྱེད་ཤུགས་ཆེ་རུ་གཏོང་བ། གླེང་ཕྱོགས་ཀྱི་ལྟ་སྐུལ་འདོན་སྤེལ་བྱེད་པ་སོགས་ཐད་ནས་འགོ་བཙུགས་ཏེ་གྲོང་མིའི་གནད་དོན་དུས་ཐོག་ཏུ་སྒྲུབ་གཉེར་ཐུབ་པའི་འགན་ལེན་བྱས་ཡོད།

    མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་གློག་བརྙན་དང་། ཚགས་པར། དུས་དེབ། ཕྱི་རོལ་དྲིལ་བསྒྲགས་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། བདལ་གཏོང་རླངས་འཁོར་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་LEDབརྙན་ཤེལ་སྤྱད་དེ་དྲིལ་བསྒྲགས་སྦྱར་ཡིག་ཡང་ནས་ཡང་དུ་བསྟན་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་བདལ་གཏོང་རླངས་འཁོར་700ལྷག་ཙམ་གྱིས་དུས་དང་རྣམ་པ་ཀུན་ཏུ“དོན་དག་ཡོད་ཚེ་སྲིད་གཞུང་གི་ཐད་གཏོང་ཁ་པར་12345ལ་བརྒྱབ་རོགས”ཞེས་པའི་དྲིལ་བསྒྲགས་ཡི་གེ་ཡང་ནས་ཡང་དུ་བསྟན་ཡོད།

    12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་བདག་སྤྲོད་ཁྱབ་ཁོངས་ཁྲོད་བློ་འདྲི་དང་། གྲོས་འགོ ཞུ་གཏུག རོགས་སྐྱོར། ཐེར་འདོན་སོགས་ཚུད་ཡོད་ཅིང་། ཁ་པར་སླེབས་ནས་བདག་སྤྲོད་བྱེད་པའི་བརྒྱུད་རིམ་ནང་ལས་དོན་ཆུང་གྲས་ཁག་སྒྲུབ་གཉེར་གྱི་བརྡ་ལན་སྤྲད་པ་བརྒྱུད་འགན་ནུས་ཚན་པ་ཁག་གི་ལས་ཀའི་སྤྱོད་ཚུལ་དང་ལས་སྒྲུབ་ཀྱི་ཕན་འབྲས་ཞིབ་དཔྱད་ཚད་ལེན་ཐུབ་ཡོད། 12345སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་མང་ཚོགས་ཀྱི་སེམས་ནང་རིམ་བཞིན་ལས་དོན་སྒྲུབ་པ་དང་སྒྲུབ་ཐུབ་པའི་གཟུགས་བརྙན་བཟང་པོ་ཞིག་ཚོར་ཡོད་ལ། མི་སེར་ཚོའི་ཉེ་འགྲམ་གྱི་ངལ་གསོའི་ཉིན་མོ་མེད་པའི་ཆུ་ཚོད་24ཡི་སྲིད་གཞུང་ཞིག་ལ་གྱུར་པས་གྲོང་མི་ཚོའི་ཚད་མཐོའི་གདེང་འཇོག་དང་བསྔགས་བརྗོད་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།