[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་བུ་ལོན་གྱི་རྩོད་གཞིའི་གྱོད་གཞི་རྙིང་པ་གཉིས་གྱོད་ཐག་བཅད་པ།

    སྒལ་རལ་པས་བུ་ལོན་མ་སྤྲད་སྟབས་ལོ་གསུམ་རྗེས་བཙན་ཤེད་ཀྱིས་སྤྲོད་དུ་བཅུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    2015ལོ་དང་2016ལོར། མཱ་ཆེ་གེ་མོས་ཧྲའོ་ཆེ་གེ་མོའི་དངུལ་སྒོར་3940དང་ཆིའུ་ཆེ་གེ་མོའི་དངུལ་སྒོར་ཁྲི་5ཆད་ཀྱང་མ་སྤྲད་སྟབས། ཧྲའོ་ཆེ་གེ་མོ་དང་ཆིའུ་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་རྗེས་ཁྲིམས་ཁང་གིས་མཱ་ཆེ་གེ་མོར་བུ་ལོན་འཇལ་དགོས་པའི་ཁྲུན་ཐག་བཅད་ཀྱང་ཁོ་པས་སྤྲད་མེད། གྱོད་གཞི་འདི་གཉིས་བཙན་ཤེད་ཀྱིས་ལག་ལེན་བསྟར་བའི་སྐབས་སུ་སླེབས་ནས་ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་མཱ་ཆེ་གེ་མོར་བརྟག་དཔྱད་བྱས་རྗེས་ཁོ་པར་སྤྲོད་ཐུབ་པའི་རྒྱུ་ནོར་མེད་པ་ཤེས། དེས་ན་གྱོད་གཞི་འདིར་ད་ཐེངས་ཀྱི་ལག་བསྟར་འགྲོ་ལུགས་མཚམས་འཇོག་རྒྱུའི་ཐག་བཅད། འདི་ལོའི་ཟླ་4པར་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་སྒལ་རལ་པར་གཅིག་སྡུད་འཛིན་བཟུང་བཀའ་རྒྱ་བཀྲམ་ནས་མཱ་ཆེ་གེ་མོ་བཟུང་བ་དང་འབྲེལ་གྱོད་གཞི་འདི་སླར་ཡང་ལག་ལེན་བསྟར་བ་རེད།

    xuwt98119.jpg

    འདི་ནི་གོས་དར་སྟོན་བཞིན་པ།

    2015ལོ་དང་2016ལོར། མཱ་ཆེ་གེ་མོས་ཧྲའོ་ཆེ་གེ་མོའི་ཚོང་ཁང་དུ་ཆད་ཐོ་བཀོད་ནས་ཚོང་ཟོག་བླངས་པའི་དངུལ་སྒོར་3940ཆད་པ་དང་། ཧྲའོ་ཆེ་གེ་མོས་སྤྲོད་དགོས་པའི་རེ་བ་བཏོན་ཀྱང་ཕན་འབྲས་མ་ཐོན་པར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ། ཁྲིམས་ཁང་གིས་མཱ་ཆེ་གེ་མོར་ཚོང་ཟོག་གི་དངུལ་སྒོར་3940དང་གཏུག་བཤེར་འགྲོ་སོང་སྒོར་50སྤྲོད་དགོས་པའི་ཁྲུན་ཐག་བཅད། ཁྲུན་ཐག་བཅད་རྗེས་མཱ་ཆེ་གེ་མོས་དངུལ་སྤྲོད་པའི་འོས་འགན་བསྒྲུབས་མེད།

    2016ལོའི་ཟླ་10པར། ཧྲའོ་ཆེ་གེ་མོས་མཱ་ཆེ་གེ་མོར་བཙན་ཤེད་ཀྱིས་དངུལ་སྤྲོད་དུ་འཇུག་དགོས་པའི་རེ་བ་ཞུས། 2016ལོའི་ཟླ་12པར། ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་མཱ་ཆེ་གེ་མོར་བརྟག་དཔྱད་བྱས་ནའང་ཁོ་པར་སྤྲོད་ཐུབ་པའི་རྒྱུ་ནོར་མེད་པ་ཤེས་ནས་གྱོད་གཞི་འདིར་ད་ཐེངས་ཀྱི་ལག་བསྟར་འགྲོ་ལུགས་མཚམས་འཇོག་རྒྱུའི་ཐག་བཅད།

    གཞན་ཡང་། 2015ལོའི་ཟླ་དང་པོར། མཱ་ཆེ་གེ་མོས་ཆིའུ་ཆེ་གེ་མོའི་ས་ནས་དངུལ་སྒོར་ཁྲི་5གཡར་ནས་སྐྱིན་པ་སྤྲད་མེད་པས་ཆིའུ་ཆེ་གེ་མོས་ཁྲེང་ཀོན་ཆུས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་དགོས་བྱུང་ཡོད། ཁྲིམས་ཁང་གིས་2016ལོའི་ཟླ་10པར་མཱ་ཆེ་གེ་མོར་བུ་ལོན་སྒོར་ཁྲི་5དང་གཏུག་བཤེར་འགྲོ་སོང་སྒོར་525སྤྲོད་དགོས་པའི་ཁྲུན་ཐག་བཅད་ཀྱང་མཱ་ཆེ་གེ་མོས་སྔར་བཞིན་ལག་ལེན་བསྟར་མེད། ཆིའུ་ཆེ་གེ་མོས་2017ལོའི་ཟླ་2པར་བཙན་ཤེད་ཀྱིས་དངུལ་སྤྲོད་དུ་འཇུག་དགོས་པའི་རེ་བ་ཞུས། བརྟག་དཔྱད་བྱས་པ་བརྒྱུད་ཁོ་པར་སྤྲོད་ཐུབ་པའི་རྒྱུ་ནོར་མེད་པ་ཤེས་རྗེས་ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་གྱོད་གཞི་འདིར་ད་ཐེངས་ཀྱི་ལག་བསྟར་འགྲོ་ལུགས་མཚམས་བཞག་པ་རེད།

    2016ལོ་དང་2017ལོའི་གྱོད་གཞི་གཉིས་ལག་བསྟར་བྱ་ཡུལ་གཅིག་ལ་གཏོགས་པ་དང་། སྐབས་དེར་ཁོ་པར་སྤྲོད་ཐུབ་པའི་རྒྱུ་ནོར་མེད་པའི་རྐྱེན་གྱིས་ལག་བསྟར་འགྲོ་ལུགས་མཚམས་འཇོག་གི་ཐག་བཅད་ནའང་། ལག་བསྟར་འགྲོ་ལུགས་མཚམས་བཞག་རྗེས་མཇུག་འགྲིལ་བ་རེད་དམ་ཞེ་ན་མིན། ད་ལོའི་ཟླ་4པར་ཁྲེང་ཀོན་ཆུས་ཁྲིམས་ཁང་གིས་སྒལ་རལ་པར་གཅིག་སྡུད་འཛིན་བཟུང་བཀའ་རྒྱ་བཀྲམ་པས་མཱ་ཆེ་གེ་མོ་བཟུང་བ་དང་འབྲེལ་གྱོད་གཞིར་ལག་བསྟར་སླར་གསོ་བྱས་པ་རེད།

    ལག་བསྟར་སླར་གསོ་བྱས་རྗེས་མཱ་ཆེ་གེ་མོ་དང་། ཧྲའོ་ཆེ་གེ་མོ། ཆིའུ་ཆེ་གེ་མོ་བཅས་འདུམ་འགྲིག་བྱུང་བ་དང་། ད་ལོའི་ཟླ་7པའི་བར་མཱ་ཆེ་གེ་མོས་འདུམ་འགྲིག་གི་ནང་དོན་ལྟར་སྒོར་54515ཚང་མ་འཇལ་བར་བརྟེན། ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་གཞི་ནས་མཱ་ཆེ་གེ་མོ་ཁ་དན་ཚིག་གནས་མེད་པའི་མིང་ཐོ་ནག་པོ་ནས་བསུབས་པ་རེད།

    ཟླ་7ཚེས་30ཉིན་ཧྲའོ་ཆེ་གེ་མོ་ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ལ་སོང་ནས་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པར་གོས་དར་ཕུལ་བ་དང་སྦྲགས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གྱོད་གཞི་འདི་ལས་ད་རེས་ཀྱི་ལག་བསྟར་འགྲོ་ལུགས་མཚམས་བཞག་པ་ནི་གནས་སྐབས་ཙམ་ཡིན་ལ་ད་རེས་ཀྱི་ལག་བསྟར་འགྲོ་ལུགས་མཚམས་བཞག་པ་ནི་འདུན་ཞུ་བའི་གཏུག་བཤེར་གྱི་ཞུ་སྦྱོར་དུས་བཀག་ལ་སྲུང་སྐྱོང་བྱས་པ་ཞིག་ཡིན་ཁར། ལག་བསྟར་བྱ་ཡུལ་གར་སོང་ཤེས་པ་དང་ལག་བསྟར་བྱ་ཡུལ་ལ་སྤྲོད་ཐུབ་པའི་རྒྱུ་ནོར་ཡོད་པ་ཤེས་ཚེ་འདུན་ཞུ་བ་དང་ཁྲིམས་ཁང་གིས་ལག་བསྟར་སླར་གསོ་བྱེད་ཆོག

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་9ཚེས་26ཉིན་བར་ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་10067བདག་སྤྲོད་བྱས་པ་རེད། ད་ལོའི་ཟླ་7ཚེས་23ཉིན་བར་ལྷ་ས་གྲོང་ཁྱེར་གྱི་རིམ་གཉིས་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁྱོན་10138བདག་སྤྲོད་བྱས་པ་དེ་ན་ནིང་ལས་2354མང་དུ་སོང་ནས་30.24%འཕར་ཡོད།

    གཞན་ཡང་། 2016ལོའི་ཟླ་1པོ་ནས་ད་ལོའི་ཟླ་6ཚེས་27ཉིན་བར་ལྷ་ས་གྲོང་ཁྱེར་རིམ་གཉིས་ཁྲིམས་ཁང་གིས་ལག་བསྟར་ཐོག་མའི་གྱོད་གཞི་8351དང་། ལག་བསྟར་སླར་གསོའི་གྱོད་གཞི་529 གེགས་སྲུང་གྱོད་གཞི་375 ཞིབ་བཤེར་གྱོད་གཞི་136བཅས་ཁྱོན་གྱོད་གཞི་9391བདག་སྤྲོད་བྱས་ཤིང་། གྱོད་གཞི་ཁག་8201གྱོད་ཐག་བཅད་པ་དང་ཕྱོགས་བསྡུས་གྱོད་ཐག་གཅོད་ཚད་87.3%ཟིན་པ་དང་ལག་བསྟར་དོན་འཁྱོལ་བྱུང་བའི་དངུལ་འབོར་སྒོར་དུང་ཕྱུར་9ལྷག་ཙམ་ཟིན་ཡོད། མཱ་ཆེ་གེ་མོའི་གྱོད་གཞི་ནི་གྱོད་གཞི་མང་པོའི་ནང་གི་གཅིག་ཡིན་པ་དང་སྤྱིར་ལོ་གསུམ་ལྷག་འགྱངས་ནའང་མཐར་ཁྲེང་ཀོན་ཆུས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ལས་བྱེད་ཉེན་རྟོག་པས་གྱོད་མཇུག་བསྒྲིལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།