[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མཉམ་འབྲེལ་བཅོས་སྒྲིག་བྱས་པས་ཟླ་འདིར“ལག་ཁྱེར་མེད་པའི་ རླངས་འཁོར”6ལ་ཞིབ་བཤེར་ཐག་གཅོད་ཐུབ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-02

    0623a02000064656.jpg

    ལྷ་ས་འགྲིམ་འགྲུལ་ཉེན་རྟོག་གནའ་གྲོང་རུ་ཆེན་གྱིས་ཐོག་མཐའ་བར་གསུམ་དུ་ཁྲིམས་འགལ་གྱི་ཚོང་གཉེར་འཁོར་རིགས་ལ་རྡུང་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གནའ་གྲོང་རུ་ཆེན་གྱིས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་དང་ཁྲེང་ཀོན་ཆུས་གྲོང་ཁྱེར་དོ་དམ་ཅུས་དང་མཉམ་འབྲེལ་བྱས་ནས། ཡུལ་ཁུལ་ཤར་གྱི་གནའ་གྲོང་ཕྱོགས་བསྡུས་བཅོས་སྒྲིག་ཚོགས་ཆུང་བཙུགས་ཏེ་ཁོངས་གཏོགས་ཁུལ་དུ་ཁྲིམས་འགལ་གྱི་ཚོང་གཉེར་བྱེད་མཁན་འཁོར་རིགས་ཅུང་གཅིག་སྡུད་ཀྱི་ལམ་མདོ་དང་ལམ་དུམ་བུར་ཁྲིམས་འགལ་གཉེར་སྐྱོང་བྱེད་མཁན་འཁོར་རིགས་ལ་ཆེད་དོན་བཅོས་སྒྲིག་བྱས་པ་རེད། ཟླ་6པ་ནས་བཟུང་ཡུལ་ཁུལ་ཤར་གྱི་ཕྱོགས་བསྡུས་བཅོས་སྒྲིག་ཚོགས་ཆུང་གིས་ཁྲིམས་འགལ་གྱི་གཉེར་སྐྱོང་འཁོར་རིགས་6ལ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    “ཟླ་6ཚེས་1ཉིན་ནས་བཟུང་། ཡུལ་ཁུལ་ཤར་གྱི་གནའ་གྲོང་ཕྱོགས་བསྡུས་བཅོས་སྒྲིག་ཚོགས་ཆུང་གི་ཁྲིམས་འཛིན་མི་སྣས་སྟོབས་དང་ལྡན་པའི་བྱ་ཐབས་སྤྱད་དེ‘ཁྲིམས་འགལ་ཚོང་གཉེར’གྱི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་བྱས་ཡོད”ཅེས་ཤར་འདབས་ཁུལ་ཕྱོགས་བསྡུས་བཅོས་སྒྲིག་ཚོགས་ཆུང་གི་འགན་འཁུར་བ་ཧ་པི་ཡིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ཀྱི་གཙོ་གནད་ནི་མི་ཚད་ལས་བརྒལ་ནས་བླུགས་པ་དང་། ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ། ཁྲིམས་འགལ་ཚོང་གཉེར་སོགས་གཙོ་གནད་ཁྲིམས་འགལ་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱས་ནས་ཁྲིམས་འགལ་གྱི་ཚོང་གཉེར་འགྲུལ་འཁོར་དང། འཁོར་རྟགས་རྫུས་མ་བསྒར་བའི་བདལ་གཏོང་རླངས་འཁོར། དེ་མིན་ཁྲིམས་འགལ་ཚོང་གཉེར་བྱེད་མཁན་གྱི་སྤྱི་ཚོགས་ཀྱི་འཁོར་རིགས་གཞན་དག་བཅས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཡོད་ཅེས་བཤད།

    རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་འགྲོ་ལམ་འགྲིམ་འགྲུལ་ལེགས་པའི་ཁོར་ཡུག་ཅིག་གཏོད་ཆེད། ཡུལ་ཁུལ་ཤར་གྱི་ཕྱོགས་བསྡུས་བཅོས་སྒྲིག་ཚོགས་ཆུང་གིས་དུས་འགོར་བརྟག་དཔྱད་བྱས་པ་བརྒྱུད་ར་མོ་ཆེའི་ཉེ་འགྲམ་དུ་ཁྲིམས་འགལ་ཚོང་གཉེར་བྱེད་མཁན་འཁོར་རིགས་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེས་མ་ཚད། ད་དུང་ཡུལ་ཁུལ་ཤར་གྱི་ཁོངས་གཏོགས་ཁུལ་དུ་ཁྲིམས་འགལ་ཚོང་གཉེར་བྱེད་མཁན་འཁོར་རིགས་ཁག་གཅིག་གིས་རྒྱུན་དུ་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་བསྡད་དེ་ཁྲིམས་འགལ་ངང་འགྲུལ་པ་བླུགས་ནས་ལྷ་སའི་ཉེ་འཁོར་གྱི་མཛེས་ལྗོངས་ཁུལ་དུ་བདལ་གླ་བླངས་ནས་སྐྱེལ་གྱི་ཡོད་པ་རེད། ཁྲིམས་འགལ་ཚོང་གཉེར་བྱེད་མཁན་འཁོར་རིགས་ཀྱིས་འགྲོ་ལམ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་གཏོར་སྐྱོན་བཏང་བ་མ་ཟད། ཁྲིམས་མཐུན་གཉེར་སྐྱོང་མཁན་གྱི་ཁེ་དབང་ལ་གནོད་འཚེ་བཏང་ནས་འགྲུལ་པའི་རང་ངོས་ཀྱི་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལའང་མི་མངོན་པའི་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད།

    གནས་ཚུལ་དེར་དམིགས་ཏེ་ཁོངས་གཏོགས་ཁུལ་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པའི་གཞོགས་འདེགས་མཐུན་སྦྱོར་འོག་ཡུལ་ཤར་ཁུལ་གྱི་གནའ་གྲོང་བཅོས་སྒྲིག་ཚོགས་ཆུང་གིས་ཁྲིམས་འགལ་གྱི་ཚོང་གཉེར་འཁོར་རིགས་6རྩད་ཆོད་པ་དང་། ད་ཆ་ཁྲིམས་འགལ་ཚོང་གཉེར་འཁོར་རིགས་དང་ཁ་ལོ་བ་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད། ཧ་པི་ཡིས་བཅོས་སྒྲིག་ཚོགས་ཆུང་གིས“ལག་ཁྱེར་མེད་པའི་འཁོར་རིགས”ཀྱི་ཁྲིམས་འགལ་གཉེར་སྐྱོང་གི་བྱེད་སྤྱོད་གཅིག་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་རེ་བྱས་ནས་ཁྲིམས་འགལ་ཚོང་གཉེར་གྱི་དོགས་གཞི་ཡོད་པའི་འཁོར་རིགས་ལ་ཁྲིམས་འཛིན་མི་སྣས་ཆ་འཕྲིན་ཕྱོགས་ཡོངས་ནས་ཐོ་འགོད་དང་། མིང་ཐོ་འབྲི་བ། ཐོ་འགོད་སྙན་སེང་བཅས་བྱས་ནས་དུས་མཇུག་ཏུ་སྤེལ་རྒྱུའི་རྡུང་རྡེག་བཅོས་སྒྲིག་གི་ལས་དོན་ལ་གྲངས་གཞིའི་འདེགས་སྐྱོར་བྱ་རྒྱུ་རེད།

    བསྡོམས་རྩིས་ལ་གཞིགས་ན། ཟླ་5ཚེས་1ཉིན་ནས་ད་བར་ཡུལ་ཁུལ་ཤར་གྱི་གནའ་གྲོང་བཅོས་སྒྲིག་ཚོགས་ཆུང་གིས་རྡོ་སེང་གེ་ལམ་གྱི་མྱུར་སྐྱེལ་འཁོར་རིགས་གནས་སྐབས་འཇོག་གནས་དང་པེ་ཅིང་ཤར་ལམ་རྨེ་རུ་དགོན་ཉེ་འགྲམ་གྱི་ཟོག་འདྲེན་རླངས་འཁོར་གནས་སྐབས་འཇོག་གནས་མེད་པ་བཟོས་པ་དང་ཆབས་ཅིག རྨེ་རུ་དགོན་ཉེ་འགྲམ་དུ་འཕྲུལ་སྒུལ་འཁོར་རིགས་མིན་པའི་འཇོག་གནས་བཀོད་སྒྲིག་བྱས་ནས་ཉེ་འགྲམ་གྱི་སློབ་མ་སྐྱེལ་བསུ་བྱེད་མཁན་ཁྱིམ་བདག་ལ་འཕྲུལ་སྒུལ་འཁོར་རིགས་མིན་པའི་འཇོག་གནས་མཁོ་འདོན་བྱས་པ། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཤར་ངོས་ཀྱི་ཁྱིམ་ཆས་ཁྲོམ་རའི་ཉེ་འགྲམ་དུ་འཁོར་གསུམ་གློག་སྒུལ་དང་། འཁོར་བཞིའི་གློག་སྒུལ། ཟོག་འདྲེན་རླངས་འཁོར་ཆུང་གྲས་སོགས་གནས་སྐབས་འཇོག་གནས་མེད་པ་བཟོས་པ། གླིང་སྐོར་ལམ་རྒྱུད་ཀྱི“ཚོང་ཁང་གི་ཕྱིའི་ཚོང་ཁང”30ཙམ་མེད་པ་བཟོས་པ། པིང་ཧོ་ལམ་དང་རྡོ་སེང་གེ་ལམ་སོགས་ལམ་དུམ་བུར་ཁྲིམས་འགལ་ངང་འཁོར་རིགས་འཇོག་པའི་བྱེད་སྤྱོད་500ཙམ་ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།