[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ལམ་ཆེན་གྱི་སྦྲེལ་ཐག་མཐུད་། ཕྱུག་འགྱུར་གྱི་ལམ་བུ་བཤངས་།

    ——མེ་ཏོག་རྫོང་ལ་བྱུང་བའི་འགྱུར་ལྡོག་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-30

    མེ་ཏོག་རྫོང་ལ་དེ་སྔོན“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་འབོད་སྲོལ་ཡོད། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་ནས་དུས་ཡུན་རིང་པོར་སྒོ་རྒྱག་དང་ཕྱེད་སྒོ་རྒྱག་གི་གནས་སུ་གྱར། ཐོན་སྐྱེད་དང་འཚོ་བའི་དངོས་ཟོག་ཚང་མ་མི་དང་ཁལ་མར་བརྟེན་ནས་དབོར་འདྲེན་བྱེད་དགོས་པས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ཞིང་འབྲོག་མང་ཚོགས་རེ་འགས་འཚོ་བ་དང་ཕྲུ་གུའི་མ་འོངས་པའི་ཆེད། ལ་བརྒྱབ་ཀླུང་བརྒལ་ནས་ཉེ་འཁོར་གྱི་རྫོང་དང་ས་ཁུལ་དུ་འཚོ་ཐབས་བྱེད་པར་བསྐྱོད།

    2013ལོའི་ཟླ་10ཚེས་31ཉིན། མེ་ཏོག་རྫོང་དུ་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་ནས་ཀྲུང་གོའི་གཞུང་ལམ་ཤར་གཏོང་མ་ཐུབ་པའི་རྫོང་མཐའ་མའི་ལོ་རྒྱུས་མཇུག་འགྲིལ། ད་ཆ་མེ་ཏོག་རྫོང་གིས“ས་མཐོའི་ཁེར་ཆགས་གླིང་ཕྲན”ཞེས་པའི་ཞྭ་མོ་དེའང་ཕུད། དམིགས་བསལ་གྱི་རང་བྱུང་ས་ཁམས་དང་། ས་གཤིས་ཆགས་ཚུལ། གནམ་གཤིས་ཁོར་ཡུག་བཅས་ལས་མེ་ཏོག་གཞུང་ལམ་སྐྲུན་རིང“ཆེ་ཤོས་དྲུག”གི་གནད་དོན་འཕྲད་པ་སྟེ། ས་བབ་སྒང་གཤོངས་ཆེ་ཤོས་དང་། རང་བྱུང་གི་ཐུར་གཟར་ཆེ་ཤོས། ཆར་ཆུ་འབབ་ཆེ་ཤོས། ཡོམ་འགུལ་ཐེབས་ཆེ་ཤོས། ས་གཤིས་ཀྱི་གནོད་འཚེ་ཕོག་མང་ཤོས། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ཤོས་བཅས་རེད།

    གཞུང་ལམ་ཤར་གཏོང་ཐུབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་ཕྱིན་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཞིང་ཕན་དམངས་ཕན་སྲིད་ཇུས་ཀྱང་ཇེ་ཡག་ཏུ་ཕྱིན། ཡུལ་གཞན་དུ་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་མི་ཐུབ་སྟབས་ཡུལ་གྱར་པའི་ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གིས་ཕ་ཡུལ་དུ་ལོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་འདོད་ཇེ་ཆེར་སོང་།

    མེ་ཏོག་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མང་ཚོགས་མང་པོ་ཞིག་གིས་ཕྱིར་ལོག་བྱེད་འདོད་བྱེད་པ་ཤེས་རྟོགས་བྱུང་རྗེས། “སྲིད་གཞུང་གིས་སྣེ་ཁྲིད་དང་། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར། མང་ཚོགས་རང་མོས། རང་ཚུགས་གནས་སྤོ། ཐེངས་གཅིག་ལ་འཆར་འགོད། ལོ་བགོས་ལག་བསྟར། གཙོ་གནད་ཚད་བརྒལ། སྤྱི་ཡོངས་ནས་སྐུལ་འདེད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་པའི་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”རྣམ་བཤད་གལ་ཆེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། མེ་ཏོག་རྫོང་དགུ་ཐང་ཤང་ནག་བལ་བསྐྱར་ལོག་བཀོད་སྒྲིག་ལས་གྲྭ་སྒྲིག་འཛུགས་བྱས་ནས་ལག་ལེན་བསྟར་ཞིང་། དེའི་ཁོངས་སུ་དུད་ཚང་68ཀྱི་མི་329ཚུད་པའི་གྲས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་65ཡི་མི་317ཡོད་པ་རེད།

    གནས་སྤོས་ས་ཚིགས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་གཏོང་ཆེད། མེ་ཏོག་རྫོང་གིས་ཕུན་སུམ་ཚོགས་པའི་ཇ་འདེབས་ཉམས་མྱོང་ལ་བརྟེན་པ་དང་ཆབས་ཅིག དྲག་ཆས་ཉེན་རྟོག་ཀོང་ཏུང་སྤྱི་ཁྱབ་རུ་ཁག་གི་རོགས་སྐྱོར་མ་དངུལ་སྤྱད་དེ་ཁྱོན་དངུལ་སྒོར་ཁྲི་640བཏང་ནས་བསྐྱར་ལོག་བཀོད་སྒྲིག་ས་ཚིགས་སུ་ཇ་ཞིང་མུའུ་360བཏབ་པ་ལས་དུད་ཚང་99ཡི་མང་ཚོགས་450ལ་ཕན་པ་ཐོབ་པ་དང་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། སྔོན་དཔག་བྱས་ན། མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.6བྱུང་ནས་གནས་སྤོས་མང་ཚོགས་རིམ་བཞིན་ཕྱུག་འགྱུར་ཡོང་རྒྱུ་རེད།

    2018ལོའི་ཟླ་4ཚེས་25ཉིན། མེ་ཏོག་རྫོང་དགུ་ཐང་ཤང་ནག་བལ་བསྐྱར་ལོག་བཀོད་སྒྲིག་ས་ཚིགས་ཀྱི་ལས་གྲྭ་ལེགས་གྲུབ་ཟིན་ཏེ་མང་ཚོགས་གནས་སྡོད་བྱུང་ནས་བསྐྱར་ལོག་བྱེད་མཁན་ཞིང་འབྲོག་མང་ཚོགས་329ཡི་ངོ་གདོང་་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།