[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • གངས་ལྗོངས་ས་མཐོའི་ལྟ་ན་སྡུག་པའི་སྔོ་ལྗང་རི་ཀླུང་།

    —— རང་ལྗོངས་ཀྱིས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-30

    ནག་ཆུར་ཤིང་འཛུགས་པའི་སྐོར་གྱི་གཏམ་རྒྱུད་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གསར་གཏོད་རང་བཞིན་གྱི་སྒོ་ནས་ལག་ལེན་བསྟར་བ་ཞིག་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པའི་མཚོན་ཚུལ་དངོས་རེད། ད་ཆ་ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་སྐྱོད་སྐབས་ཆུ་མོ་དྭངས་ཤིང་། ནགས་ཚལ་སྟུག་པ། གངས་རི་ལྷུན་དུ་ཆགས་པ། འབྲོག་ར་རྒྱ་ཆེ་བ་བཅས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རྣམ་པ་གསར་པ་མངོན་བཞིན་ཡོད།

    ཀ འཕེལ་རྒྱས་དང་འཛུགས་སྐྲུན་བྱེད་པར་དང་ཐོག་སྣོད་བཅུད་ལ་བསམ་བློ་གཏོང་དགོས།

    ཉེ་བའི་ལོའི་ནང་། རང་ལྗོངས་ཀྱིས་ནགས་ལས་དེ་སྣོད་བཅུད་འཛུགས་སྐྱོང་གི་གཙོ་རྐང་དུ་བརྩིས་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་དུ་འགྱུར་བའི་འདུ་འགོད་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ས་ཁོངས་གཙོ་བོར་ནགས་བཟོ་དང“གཙང་པོ་གཉིས་དང་ཆུ་བོ་བཞི”(ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ལྷ་སའི་སྐྱིད་ཆུ། མྱང་ཆུ། ཡར་ལྷ་ཤམ་ཆུ། སེང་གེ་ཁ་འབབ)རྒྱུག་ཁུལ་དུ་ནགས་བཟོ་བྱེད་པ་སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཡོད།

    བསྡོམས་རྩིས་གསར་ཤོས་ལས་མངོན་པར། མིག་སྔར་རང་ལྗོངས་ཀྱི་ནགས་ཚལ་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་པ་དང་ནགས་ཚལ་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་5.31%བཟུང་བ་དང་འབྲེལ་འཛམ་གླིང་ཐོག་གི་ས་མཐོའི་འདམ་ར་གཅིག་པོ་དེ་ཡང་ཡོད། རང་ལྗོངས་སུ་རི་སྐྱེས་རྩི་ཤིང་སྣ་ཁ་9600ལྷག་ཙམ་ཡོད་པ་དང་། རིམ་མཐོའི་རྩི་ཤིང་སྣ་ཁ་6400ལྷག་ཙམ་ཡོད་པའི་ཁྲོད་་སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་སྣ་ཁ་212《སྟོངས་ལ་ཉེ་བའི་རི་སྐྱེས་རྩི་ཤིང་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རྒྱལ་སྤྱིའི་ཚོང་དོན་གྱི་སྤྱི་ཆིངས》ནང་ཞར་བྱུང་དུ་བཀོད་ཡོད།

    ཁ ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་སྔོ་ལྗང་རི་ཀླུང་བསྲུངས།

    2016ལོའི་ཟླ་10པར་རང་སྐྱོང་ལྗོངས་ཀྱིས་2016ལོའི་སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་འདོར་བའི་ལས་འགན་ཟླ་གཉིས་ཀྱིས་སྔ་སྣུར་དུ་ལེགས་གྲུབ་ཟིན་ཡོད། ཁྲིམས་ལྟར་སེར་རྟགས་རླངས་འཁོར་དང་རླངས་འཁོར་རྙིང་པ་འདོར་བ་ནི་རང་ལྗོངས་ཀྱིས་ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་གངས་ལྗོངས་ས་མཐོའི་སྔོ་ལྗང་རི་ཀླུང་བསྲུངས་བའི་དཔེ་མཚོན་མང་པོའི་ཁྲོད་ཀྱི་དཔེ་གཞི་ཞིག་ཡིན།

    ལོ་ལྔའི་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འདུ་ཤེས་དང་། སྲིད་ཇུས། མ་དངུལ། བྱེད་ཐབས་སོགས་ཐབས་མང་མཉམ་སྤྱོད་བྱས་ཏེ་རང་ལྗོངས་ཀྱི་རི་སྔོ་ཆུ་དྭངས་དང་མཁའ་རླུང་གཙང་མ་འགན་ལེན་བྱས་ཡོད། སྔོན་འགོག་ནི་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་ཡིན་ལ་བཅོས་སྐྱོང་གི་བྱ་ཐབས་ཡག་ཤོས་ཤིག་ཀྱང་ཡིན། རང་སྐྱོང་ལྗོངས་ཀྱིས་ཁོར་ཡུག་ཆོག་འཐུས་ཆ་རྐྱེན་ནན་དུ་བཏང་ནས་སྦགས་བཙོག་ཆེ་བ་དང་སྣོད་བཅུད་གཏོར་སྐྱོན་བཟོ་བའི་རྣམ་གྲངས་གཏན་འགོག་བྱས་ཏེ་གཏེར་ཐོན་ཐོན་ཁུངས་གསར་སྤེལ་གྱི་རང་སྐྱོང་ལྗོངས་སྲིད་གཞུང་གི“སྨྱུག་གཅིག་མའི”ཞིབ་མཆན་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་གྱིས་རྣམ་གྲངས་འཛུགས་སྐྲུན་ཐོན་ལས་ཀྱི་སྲིད་ཇུས་ཀྱི་འགག་སྒོ་དང་། ཐོན་ཁུངས་ཟད་གྲོན་གྱི་འགག་སྒོ སྣོད་བཅུད་ཁོར་ཡུག་གི་འགག་སྒོ་བཅས་ནན་པོ་བསྲུངས་པ་དང“མཐོ་གསུམ”རྣམ་གྲངས་གཏན་འགོག་བྱས་ཏེ་འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་སྐྱོན་ལ་ཚོད་འཛིན་བྱས་ཡོད་པ་རེད།

    ག གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན།

    རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཉེ་འཆར་བཏོན་པའི《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་གཞི(2008ལོ་ནས་2030ལོ་བར)》ནང་མངོན་དོན། ལྗོངས་ཡོངས་ཀྱི་གཙང་པོ་དང་། ཆུ་བོ། མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཡག་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་འབྲེལ་ཡོད་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་པ་དང་རླུང་ཁམས་ཆེ་མོ་དང་ས་རྒྱུའི་ཁོར་ཡུག་སྤུས་ཚད་སྤྱིའི་ཆ་ནས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཀྲུང་དབྱང་ནོར་སྲིད་ཀྱི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་མངོན་གསལ་དོད་པོས་ཆེ་རུ་བཏང་ཞིང། ལོ་ལྔའི་རིང་རང་ལྗོངས་ཀྱིས“གྲོང་ཁྱེར་གྱི་མཐའ་སྐོར་དུ་ནགས་ཚལ་འདེབས་པ”དང“ལྗང་མདོག་བགྲོད་ལམ”སོགས་ཀྱི་འཛུགས་སྐྲུན་ལ་དམ་པོར་དམིགས་ནས་གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་ཚལ་མུའུ་ཁྲི་130བཏབ་པ་དང་། རྨོ་བསྐྱུར་ནགས་གསོ་མུའུ་ཁྲི་187.2བྱས་པ། བྱེ་འགོག་བྱེ་བཅོས་མུའུ་ཁྲི་403.16བྱས་པ་རེད། རང་བྱུང་ནགས་ཚལ་སྲུང་སྐྱོང་འདུ་འགོད་ལག་ལེན་བསྟར་ཚུན་འདུ་འགོད་ཁུལ་དུ་ནགས་ཚལ་ཁྱབ་ཚད་0.9%མང་དུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་བྱེ་འགྱུར་ས་ཆ་ལོར་ཆ་སྙོམས་མུའུ་ཁྲི་1.53ཉུང་དུ་ཕྱིན་པ། གནོད་འཚེ་རང་བཞིན་གྱི་ཐལ་རྡུལ་གནམ་གཤིས་2000ལོའི་ཉིན་85ནས་2014ལོའི་ཉིན་32བར་ཉུང་དུ་ཕྱིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།