[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱིས“དྭ་ཕྲུག་ངོ་མའི”འགན་ལེན་ལས་དོན་ལ་ཆེད་མངགས་དམིཌ་པའི་བསམ་འཆར་ཐོག་མར་བཏོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-16

    ཤིན་ཧྭ་གསར་འགྱུར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། དམངས་སྲིད་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་སྡེ་ཚན་12ཀྱིས་མཉམ་འབྲེལ་ཐོག་པར་འགྲེམས་བྱས་པའི《དངོས་འབྲེལ་གསོ་མཁན་མེད་པའི་བྱིས་པ་འགན་ལེན་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཡོངས་བསྒྲགས་བྱས་ཡོད། འདི་ནི་རང་རྒྱལ་གྱིས“དྭ་ཕྲུག་ངོ་མའི”འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་ཆེད་དམིགས་བསམ་འཆར་ཐོག་མར་བཏོན་པ་ཞིག་རེད།

    བསམ་འཆར་ལ་གཞིགས་ན། གསོ་མཁན་མེད་པའི་བྱིས་པ་ཞེས་པ་ནི་ཕ་མ་གཉིས་ཀ་དབང་སྐྱོན་ཚབས་ཆེན་དང་། ནད་གཞི་ཆེན་པོ། ཁྲིམས་ཆད་ཁུར་ནས་བཙོན་དུ་བཅུག་པ། བཙན་སྐུལ་ངང་ལོགས་སུ་དུག་གཅོད་དུ་བཅུག་པ། མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་གཞན་དག་སྤྱད་པ། འབྲེལ་བ་ཆད་པ་བཅས་ཀྱི་གནས་ཚུལ་གྲས་ཤིག་དང་མཐུན་པའི་བྱིས་པའམ་ཡང་ན། ཕ་མ་གཉིས་ཀྱི་ཁྲོད་གཅིག་ཤི་བའམ་ཡང་ན་གར་སོང་ཆ་མེད་དུ་འགྱུར་བ་དང་གཞན་ཞིག་དེ་དབང་སྐྱོན་ཚབས་ཆེན་དང་། ནད་གཞི་ཆེན་པོ། ཁྲིམས་ཆད་ཁུར་ནས་བཙོན་དུ་བཅུག་པ། བཙན་སྐུལ་ངང་ལོགས་སུ་དུག་གཅོད་དུ་བཅུག་པ། མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་བྱེད་ཐབས་གཞན་དག་སྤྱད་པ། འབྲེལ་བ་ཆད་པ་བཅས་ཀྱི་གནས་ཚུལ་གྲས་ཤིག་དང་མཐུན་པའི་བྱིས་པར་བརྗོད་ཀྱི་ཡོད།

    དམངས་སྲིད་པུས་མཐིལ་རྟོགས་གྲལ་བཤེར་བྱས་པའི་གྲངས་གཞི་ལས་མངོན་པར། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ“དྭ་ཕྲུག་ངོ་མ”ཁྲི་50ཙམ་ཡོད་པའི་ནང་གོང་གསལ་གྱི་གནས་ཚུལ་རིགས་དང་པོར་གཏོགས་པའི་བྱིས་པ་ཁྲི་22ཙམ་དང་གནས་ཚུལ་རིགས་གཉིས་པར་གཏོགས་པའི་བྱིས་པ་ཁྲི་28ཙམ་ཡོད་པ་རེད།

    བསམ་འཆར་ནང་དུས་མཚུངས་སུ“དྭ་ཕྲུག་ངོ་མ”ངོས་འཛིན་བྱེད་པའི་ལས་རིམ་གསལ་བཟོ་བྱས་པ་སྟེ། རེ་ཞུ་དང་། བརྟག་བཤེར། གཏན་འཁེལ། མཇུག་འགྲིལ་སོགས་ཀྱི་ལྷུ་ཚིགས་ཚུད་ཡོད། དཔེར་ན། བྱིས་པའི་ལྟ་སྐྱོང་པའམ་ཡང་ན་ལྟ་སྐྱོང་པས་མངགས་པའི་གཉེན་ཉེས་རེ་ཞུའི་རེའུ་མིག་བྲིས་ཏེ་བྱིས་པའི་ཐེམ་ཐོ་གནས་ཡུལ་ཤང་གྲོང་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)ལ་རེ་ཞུ་བྱེད་དགོས། དམིགས་བསལ་གྱི་གནས་ཚུལ་ཡིན་ཚེ་བྱིས་པ་གནས་ཡུལ་གྲོང་མི་(གྲོང་ལྷན)ཨུ་ལྷན་གྱིས་རེ་ཞུ་བྱེད་ཆོག ཤང་གྲོང་མི་དམངས་སྲིད་གཞུང(ཁྲོམ་གཞུང་དོན་གཅོད་ཁྲུའུ)གིས་རེ་ཞུ་བདག་གཉེར་བྱས་རྗེས་འབྲེལ་ཡོད་གནས་ཚུལ་ལ་བརྟག་བཤེར་བྱས་ནས་ཆ་རྐྱེན་དང་མཐུན་རིགས་རེ་ཞུའི་ཡིག་ཆ་དང་མཉམ་དུ་རྫོང་རིམ་པའི་དམངས་སྲིད་སྡེ་ཚན་ལ་སྐྱེལ་དགོས། རྫོང་རིམ་པའི་དམངས་སྲིད་སྡེ་ཚན་གྱིས་རེ་ཞུའི་ཡིག་ཆ་དང་བརྟག་བཤེར་སྡོམ་ཚིག་འབྱོར་བའི་ཉིན་མོ་ནས་འགོ་བཙུགས་ཏེ་ལས་ཀའི་ཉིན་15ཡི་ནང་གཏན་འཁེལ་བྱེད་དགོས། ཆ་རྐྱེན་ལོན་རིགས་གཏན་འཁེལ་བྱས་པའི་ཟླ་ཕྱི་མ་ནས་འགན་ལེན་ཁྱབ་ཁོངས་ནང་འཇུག་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།