[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • དམངས་སྲིད་པུའུ་སོགས་སྡེ་ཚན་9ཡིས་མཉམ་འབྲེལ་ཐོག《གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-27

    ཚེས་24ཉིན་གསར་འགོད་པར་དམངས་སྲིད་པུས་འཚོགས་པའི་2018ལོའི་དུས་ཚིགས་དང་པོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་དམངས་སྲིད་པུའུ་དང་། སྤྱི་བདེ་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཡོངས་ན་རྒས་གཞུང་ལས་ཁང་སོགས་སྡེ་ཚན་9ཡིས་མཉམ་འབྲེལ་ཐོག《གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཞིང་། བསམ་འཆར་ནང་གཞིས་སྲུང་རྒན་རྒོན་ལ་བསྙེན་བཀུར་དང་སྐྱོང་གསོ་བྱེད་པའི་ཁྲོད་ཀྱི་ཁྱིམ་ཚང་དང་བུ་ཕྲུག་གི་བྱེད་པོའི་འགན་འཁྲི་དང་ཁྲིམས་གཏན་འཁེལ་བའི་འོས་འགན་འཁུར་ཤུགས་ཆེ་རུ་གཏོང་བ་དང་།གཞིས་སྲུང་རྒན་རྒོན་གྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་རྫོང་དང་ཤང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་གཞི་རྩའི་འགན་འཁྲི་དོན་འཁྱོལ་བྱེད་པ། རྒན་རྒོན་གྱི་རྩ་འཛུགས་དང་། གྲོང་མི་ཕན་ཚུན་རོགས་རེས་ཞབས་ཞུའི་རྩ་འཛུགས། སྤྱི་ཚོགས་ལས་དོན་ཞབས་ཞུའི་སྒྲིག་གཞི་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་བཅས་ཀྱི་ཐོག་ནས་ཁྱིམ་ཚང་གིས་འགན་འཁྲི་གཙང་སྒྲུབ་དང་། གཞི་རིམ་གྱིས་གཙོ་ཁྲིད། སྤྱི་ཚོགས་ཀྱིས་མཐུན་སྦྱོར། དམངས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ། སྲིད་གཞུང་གིས་རྒྱབ་སྐྱོར་དང་འགན་ལེན་བཅས་ཀྱི་གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་ཞིག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

    བསམ་འཆར་ནང་། ཁྱིམ་ཚང་ནི་གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ལ་བསྙེན་བཀུར་དང་། བྱམས་སྐྱོང་། ཞབས་ཞུ་བཅས་ཀྱི་འགན་འཁུར་མཁན་གཙོ་བོ་ཞིག་རེད། དེས་ན་བུ་ཕྲུག་གམ་བསྙེན་བཀུར་བྱེད་མཁན་གཞན་དག་གིས་རྒན་རྒོན་ལ་དཔལ་འབྱོར་ཐད་རོགས་རམ་དང་། འཚོ་བའི་ཐད་ལྟ་རྟོག བསམ་བློའི་ཐད་སེམས་གསོ་གཏོང་བ་བཅས་ཀྱི་འོས་འགན་ཁྲིམས་ལྟར་སྒྲུབ་དགོས་པ་དང་སྐྱོང་གསོ་བྱེད་མཁན་གྱིས་ཀྱང་སྐྱོང་གསོའི་འོས་འགན་ཁྲིམས་ལྟར་སྒྲུབ་དགོས། བུ་ཕྲུག་གམ་བསྙེན་བཀུར་བྱེད་མཁན་གཞན་དག་དང་སྐྱོང་གསོ་བྱེད་མཁན་གྱིས་དུས་དང་རྣམ་པ་ཀུན་ཏུ་གཞིས་སྲུང་རྒན་རྒོན་ལ་ལྟ་བ་དང་འཚམས་འདྲི་བྱེད་དགོས་པ་ལས་རྒན་རྒོན་སྣང་མེད་དུ་གཏོང་མི་རུང་། ཁྱིམ་རྒྱུད་ཀྱི་ཁོངས་མི་དང་དགའ་ཉེ་སྤུན་མཆེད་ཀྱིས་གཞིས་སྲུང་རྒན་རྒོན་ལ་འཚོ་བའི་ཐད་ལྟ་རྟོག་དང་བསམ་བློའི་ཐད་ཐུགས་ཁུར་བྱ་རྒྱུར་རྒྱབ་སྐྱོར་དང་གྲོང་པ་ཁྱིམ་མཚེས་དང་ཡུལ་མི་སྤུན་མཆེད་ལ་གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་དགོས་པའི་བསྔགས་སྐུལ་བྱས་ནས་རང་ཁ་རང་གསོ་མ་ཐུབ་པའི་རྒན་རྒོན་རྣམས་གྲོགས་མེད་ཁེར་རྐྱང་དུ་འཚོ་སྡོད་བྱེད་པའི་གནས་ཚུལ་མི་ཐོན་པ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

    བསམ་འཆར་ནང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་རྫོང་དང་ཤང་རིམ་གཉིས་སྲིད་གཞུང་གི་སྤྱི་འདོམས་མཐུན་སྦྱོར་དང་རྩ་འཛུགས་ཀྱི་ཁྲིད་སྟོན་འོག་གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། ཁོངས་གཏོགས་ཁུལ་གྱི་གཞིས་སྲུང་རྒན་རྒོན་གྱི་གཞི་རྩའི་ཆ་འཕྲིན་གསལ་རྟོགས་བྱ་རྒྱུར་གཞོགས་འདེགས་བྱས་ཏེ་ཁ་པར་ཐོག་ནས་འཚམས་འདྲི་ཞུ་བ་དང་སྒོ་རྩར་བསྐྱོད་ནས་འཚམས་འདྲི་ཞུ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དུས་བཀག་བཞིན་གཞིས་སྲུང་རྒན་རྒོན་ལ་ལྟ་བར་བསྐྱོད་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་དགོས་པ་དང་། བདེ་འཇགས་ལ་ཉེན་ཁ་དང་འཚོ་བར་དཀའ་ངལ་ཡོད་པའི་གཞིས་སྲུང་རྒན་རྒོན་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ཏེ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཁོང་ཚོའི་བུ་ཕྲུག་དང་ཁྱིམ་ཚང་གཞན་དག་གི་ཁོངས་མིར་ལྟ་རྟོག་བྱེད་དགོས་པའི་བརྡ་ཐོ་དུས་ཐོག་ཏུ་གཏོང་དགོས་པ་མ་ཟད་ལྟ་སྐུལ་ཡང་བྱེད་པ་དང་ཆབས་ཅིག་ཤང་དང་གྲོང་རྡལ་གྱི་མི་དམངས་སྲིད་གཞུང་ལ་སྙན་སེང་ཞུ་དགོས་ཞེས་བསྟན་ཡོད་པ་རེད།

    བསམ་འཆར་ནང་། གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི་གྲོང་གསེབ་ཀྱི་རྒན་རྒོན་མཐུན་ཚོགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཤང་དང་གྲོང་རྡལ་དང་གྲོང་ཚོས་རྒན་རྒོན་མཐུན་ཚོགས་སམ་ཡང་ན་རྒན་རྒོན་གྱི་རྩ་འཛུགས་གཞན་དག་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་དང་གཞིས་སྲུང་རྒན་རྒོན་མཐུན་ཚོགས་སུ་ཞུགས་ཏེ་ཕན་ཚུན་རོགས་རེས་བྱ་རྒྱུའི་བསྔགས་སྐུལ་བྱེད་དགོས། གྲོང་གསེབ་ཀྱི་རྒན་རྒོན་མཐུན་ཚོགས་ལ་དེའི་ནང་ཧུར་ཐག་ཞུགས་ཏེ་གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་རྒྱུའི་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ནས་རྒན་རྒོན་གྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་དང་ལུས་རྩལ་རོལ་རྩེད་དང་། སློབ་གསོ་གསོ་སྦྱོང་། ཤེས་བྱ་འཆད་འཁྲིད་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཁེ་དབང་སྲུང་སྐྱོང་དང་རོགས་རེས་རྒན་གསོ་སོགས་ཀྱི་ཞབས་ཞུ་སྒྲུབ་དགོས་ཞེས་བསྟན་ཡོད་པ་རེད།

    བསམ་འཆར་ནང་། གཞིས་སྲུང་རྒན་རྒོན་ལ་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི་ཁྲོད་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞི་དང་བསྙེན་བཀུར་ཞབས་ཞུའི་སྒྲིག་བཀོད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཆ་རྐྱེན་ཚང་བའི་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ཞབས་ཞུའི་སྒྲིག་གཞིས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་གྱི་དགོས་མཁོ་སྐོང་བའི་རྨང་གཞིའི་ཐོག་ཁྱབ་འགྱེད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་ན་རྒས་དང་ངལ་རྩོལ་གྱི་ནུས་པ་མེད་པའི་གཞིས་སྲུང་རྒན་རྒོན་ལ་ཞབས་འདེགས་ཞུ་རྒྱུའི་བསྔགས་སྐུལ་བྱེད་དགོས། གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་སྒོ་ར་བསྐྲུན་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཆ་རྐྱེན་ཚང་བའི་ས་ཆས་རྒྱུན་གཏན་གྱི་འཁོར་རྒྱུག་འགྲོ་གྲོན་ནོར་སྲིད་ཀྱི་སྔོན་རྩིས་རྒྱབ་སྐྱོར་ཁྱབ་ཁོངས་སུ་འཇུག་ཆོག་ཅེས་བསྟན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།