[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>རྒྱལ་ནང་གསར་འགྱུར།
  • རང་རྒྱལ་གྱིས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་པའི་ལས་ཞུགས་ལ་བཀག་འགོག་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུཌ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-09

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྔོན་ཆད་ཁྲིམས་ཆད་ཕོག་མྱོང་བའི་ཉེས་གསོག་པ་ཁ་ཤས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་སླར་ཡང་གནོད་འཚེ་བཏང་བའི་གྱོད་གཞིར་སྤྱི་ཚོགས་སུ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་པའི་ལས་ཞུགས་ལ་བཀག་འགོག་དང་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། ས་ཁུལ་འགའ་ཤས་ཀྱི་གནད་ལ་འཁེལ་ཞིང་འཐུས་སྒོ་ཚང་བའི་བྱེད་ཐབས་དུས་བསྟུན་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་བཤད།

    ཁྲིམས་འཛིན་ལག་ལེན་ལས་མངོན་པར། ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་དང་ལྷག་པར་དུ་ན་སོ་དར་ལ་མ་བབས་པའི་མིར་འདོད་སྲེད་ཀྱི་གནོད་འཚེ་གཏོང་བའི་ཉེས་གསོག་ལ་ཆ་མཚོན་ན། དེར་སླར་ཡང་ཉེས་པ་གསོག་ཚད་མཐོ་བ་དང་ངོ་ཤེས་པས་ཉེས་པ་གསོག་པའི་བསྡུར་གྲངས་མཐོ་བའི་ཁྱད་ཆོས་ལྡན་ཡོད། དེར་བརྟེན་རྒྱལ་ཁབ་མང་པོ་ཞིག་གིས་འབྲེལ་ཡོད་ཉེས་གསོག་པའི་ཆ་འཕྲིན་ཡོངས་བསྒྲགས་དང་དེ་བཞིན་ལས་ཞུགས་བཀག་འགོག་སོགས་ཀྱི་ལམ་ལུགས་བཟོས་ཡོད། རང་རྒྱལ་གྱིས་2015ལོ་ནས་བཟུང་ལག་ལེན་བསྟར་བའི་ཉེས་ཁྲིམས་དག་བཅོས་འཆར་ཟིན(དགུ་པ)ནང་གཏན་འབེབས་བྱས་དོན། ལས་རིགས་ཀྱི་སྟབས་བདེ་སྤྱད་དེ་ཉེས་པ་བསགས་པའམ་ཡང་ན་ལས་རིགས་ཀྱི་བླང་བྱའི་དམིགས་བསལ་གྱི་འོས་འགན་ལས་བརྒལ་ནས་ཉེས་ཁྲིམས་ཕོག་པར་ཆ་མཚོན་ན། ཁྲིམས་ཁང་གིས་ཉེས་གསོག་གི་གནས་ཚུལ་དང་སླར་ཡང་ཉེས་པ་གསོག་རྒྱུ་སྔོན་འགོག་བྱེད་པའི་དགོས་མཁོར་གཞིགས་ནས་ཉེས་ཁྲིམས་ལག་བསྟར་བྱས་རྗེས་ཀྱི་ཉིན་ནམ་ཡང་ན་ཚོད་བགམ་གློད་འགྲོལ་བྱས་པའི་ཉིན་ནས་བཟུང་འབྲེལ་ཡོད་ལས་རིགས་སྤེལ་རྒྱུ་བཀག་འགོག་བྱེད་དགོས་པ་དང་། དེའི་དུས་བཅད་ནི་ལོ་གསུམ་ནས་ལྔ་བར་ཡིན་པ་རེད།

    ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཧྲེ་ཝུའེ་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། དག་བཅོས་འཆར་ཟིན་གྱི་གོ་ཆོད་ཉིན་ནས་བཟུང་ས་གནས་ཞིབ་དཔྱོད་ལས་ཁུངས་ཀྱིས་ན་སོ་དར་ལ་མ་བབས་པའི་མིར་བཙན་གནོད་བཏང་བའི་ཉེས་གསོག་གྱོད་གཞི་མང་དག་ཁྲོད་ཁྲིམས་ཁང་ལ་ན་སོ་དར་ལ་མ་བབས་པའི་མི་དང་འབྲེལ་བ་དམ་ཟབ་ཡོད་པའི་ལས་རིགས་ནང་ཞུ་སྦྱོར་ཕྱི་མ་ཞུགས་མི་ཆོག་པའི་་ཉེས་ཆད་གཅོད་ཚད་ཀྱི་གྲོས་འགོ་བཏོན་པ་དང་འབྲེལ་ཇི་ལྟར་བྱས་ནས་བཅའ་ཁྲིམས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཚོལ་ཞིབ་ནུས་ལྡན་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིར་གནོད་འཚེ་གཏོང་བའི་ཉེས་གསོག་པས་སླར་ཡང་ཉེས་གསོག་བྱེད་སྤྱོད་སྤེལ་རྒྱུ་སྔོན་འགོག་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།

    ཧྲེ་ཝུའེ་ཀྲུང་གིས་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་སྤྱད་ན་ལས་ཞུགས་བཀག་འགོག་ལམ་ལུགས་དང་ལས་ཞུགས་འཚོལ་ཞིབ་ལམ་ལུགས་ཀྱི་མི་འདང་ས་འགའ་ཤས་ཁ་གསབ་བྱེད་པར་ཕན་པ་ཆེ་བས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་ཀྱི་ལམ་ལུགས་འཚོལ་ཞིབ་ལ་དོ་ཁུར་བྱས་ནས་ཞིབ་འཇུག་དང་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད་གནད་ལ་འཁེལ་ཞིང་འཐུས་སྒོ་ཚང་བའི་བྱེད་སྟངས་འགའ་ཤས་དུས་བསྟུན་ཁྱབ་གདལ་གཏོང་རྒྱུ་རེད་ཅེས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།