[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁ་ལོ་བའི་ལག་ཁྱེར་མེད་པར་ཟོག་འདྲེན་རླངས་འཁོར་ཆེ་གྲས་བཏང་བས་དངུལ་ཆད་སྒོར་1500བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་འབྲོང་རྩེ་ཤང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་གི་མི་དམངས་ཉེན་རྟོག་པས་ལས་སྒྲུབ་བྱེད་རིང་ཁ་ལོ་བའི་ལག་ཁྱེར་མེད་པར་ཟོག་འདྲེན་རླངས་འཁོར་ཆེ་གྲས་བཏང་བའི་ཁྲིམས་འགལ་བྱེད་སྤྱོད་ཅིག་རྩད་ཆོད་པ་རེད།

    དེ་ཉིན་ཆུ་ཚོད་15ཙམ་ལ། མི་དམངས་ཉེན་རྟོག་པས་རྒྱལ་ལམ་349ཡི་1352km+100mལམ་དུམ་དུ་ལྗིད་ཚད་ཆེ་བའི་རང་འབེབས་ཟོག་འདྲེན་རླངས་འཁོར་ཞིག་ལ་འཆར་ཅན་གྱི་ཞིབ་བཤེར་བྱེད་སྐབས། ཁ་ལོ་བས་མིག་མདངས་གཡོལ་བ་དང་། སྐད་ཆ་གསལ་ལ་མི་གསལ་ཤོད་པ། ཁ་ལོ་བའི་ལག་ཁྱེར་སྟོན་རྒྱུ་མེད་པ་བཅས་ཤེས་རྟོགས་ཐུབ་པར་བརྟེན་མི་དམངས་ཉེན་རྟོག་པས་དེ་མ་ཐག་ཁ་ལོ་བ་དེ་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་དུ་ཁྲིད་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད། ཁ་ལོ་བ་པ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་འཕྲུལ་སྒུལ་འཁོར་རིགས་བཏང་བ་ཤེས་རྟོགས་ཐུབ་ཡོད།

    ཁ་ལོ་བ་པ་ཆེ་གེ་མོས་ཁ་ལོ་བའི་ལག་ཁྱེར་མེད་པར་འཕྲུལ་སྒུལ་འཁོར་རིགས་བཏང་བའི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་དེར་དམིགས་ནས་མི་དམངས་ཉེན་རྟོག་པས་པ་ཆེ་གེ་མོར་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་དང་བཅའ་ཁྲིམས་ཁྲིམས་སྲོལ་གཞིར་བཟུང་དངུལ་ཆད་སྒོར་1500བཏང་བ་རེད།

    དེས་ན་མི་དམངས་ཉེན་རྟོག་པས་རྒྱ་ཆེའི་མང་ཚོགས་ལ། ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་ནི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཚབས་ཆེན་ཞིག་ཡིན་ལ། རང་ཉིད་དང་མི་གཞན་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཉེན་ཁ་ཚབས་ཆེན་བཟོ་གི་ཡོད་པས་ཚང་མས་བཅའ་ཁྲིམས་ནན་པོ་སྲུང་དགོས་པའི་དྲན་སྐུལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།