ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་མི་སྣས་རྒྱུན་གཏན་གྱི་ལྟ་བཤེར་བྱེད་སྐབས། ཁེ་ལས་བཞིར《བཟའ་བཅའི་ཐོན་སྐྱེད་འཁྲོལ་འཛིན》མེད་པར་ཆུ་གཙང་གསིང་གཉེར་སྐྱོང་བྱས་པ་ཤེས་རྟོགས་བྱུང་བ་རེད།
ཁྲིམས་འཛིན་མི་སྣས་གཞིས་རྩེ་གྲོང་ཁྱེར་ཐན་པི་ཡོན་དྭངས་གཙང་འཐུང་ཆུ་ཚད་ཡོད་ཀུང་སི(ཐན་པི་ཡོན/ཐན་པི་ཆུ་མིག)དང་ཧོའུ་ཁྲོན་དྭངས་གཙང་འཐུང་ཆུ་ལས་སྣོན་བཟོ་གྲྭ(གངས་ཆབ)ཁེ་ལས་གཉིས་ཀྱིས་ས་ཡུལ་དངོས་སུ་ཆུ་གཙང་གསིང་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད།
གཞིས་རྩེ་གྲོང་ཁྱེར་ཤི་རྩེ་དྭངས་གཙང་འཐུང་ཆུ་ཚད་ཡོད་འགན་འཁྲི་ཀུང་སི(གདང་ལ)དང་གཞིས་རྩེ་དགའ་སྐྱིད་ཚོང་དོན་ཚད་ཡོད་ཀུང་སི(དགའ་སྐྱིད་དྭངས་གཙང་འཐུང་ཆུ)གཉིས་ཀྱི་བཟོ་ཁང་དུ་སྤུས་རྟགས་ཀྱི་མཚོན་རྟགས་སྦྱར་བའི་ཆུ་དམ་ནང་ཆུ་བླུགས་བཞིན་ཡོད་པ་རེད།
བརྟག་དཔྱད་བྱས་པ་བརྒྱུད། གོང་གྱི་ཁེ་ལས་བཞིར《བཟའ་བཅའི་ཐོན་སྐྱེད་འཁྲོལ་འཛིན》མེད་པས། ཁྲིམས་འཛིན་མི་སྣས་ས་ཡུལ་དངོས་སུ་ཐོན་སྐྱེད་འཁོར་ཁང་ལ་སྒོ་ཐེལ་བརྒྱབ་པ་མ་ཟད། སྒྲིག་བཀོད་དང་སྒྲིག་ཆས་གནས་སྐབས་གཞུང་བཞེས་བཏང་བ་རེད།
གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། གོང་གི་ཁེ་ལས་བཞིར《བཟའ་བཅའི་ཐོན་སྐྱེད་འཁྲོལ་འཛིན》མེད་ཀྱང་ཆུ་དམ་ནང་བླུགས་པའི་ཆུ་ཐོན་སྐྱེད་གཉེར་སྐྱོང་བྱེད་པའི་བྱེད་སྤྱོད་དེས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས》ཀྱི་དོན་ཚན་སོ་ལྔ་པའི“རྒྱལ་ཁབ་ཀྱིས་བཟའ་བཅའི་ཐོན་སྐྱེད་གཉེར་སྐྱོང་ལ་འཁྲོལ་འཛིན་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པས། བཟའ་བཅའ་ཐོན་སྐྱེད་དང་། བཟའ་བཅའ་ཕྱིར་ཚོང་། བཟའ་བཏུང་ཞབས་ཞུའི་ལས་ཀ་བྱེད་སྐབས། ངེས་པར་དུ་ཁྲིམས་བཞིན་འཁྲོལ་འཛིན་དགོས་པའི”གཏན་འབེབས་ལས་བརྒལ་བའི་དོགས་པ་ཡོད་ཅིང་། མིག་སྔར། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ཁྲིམས་འཛིན་སྡེ་ཚན་གྱིས་དངོས་སུ་གྱོད་དོན་ཐོ་འགོད་བྱས་པ་དང་། གྱོད་གཞི་དེར་བརྟག་དཔྱད་བྱེད་བཞིན་ཡོད་ལ། ཐག་གཅོད་བྱས་འབྲས་ཐོན་མ་དག་སྤྱི་ཚོགས་སུ་ཡོངས་བསྒྲགས་བྱེད་རྒྱུ་རེད།
མིག་སྔར། གཞིས་རྩེ་གྲོང་ཁྱེར་དུ《བཟའ་བཅའི་ཐོན་སྐྱེད་འཁྲོལ་འཛིན》ཡོད་པའི་ཆུ་དམ་ནང་གི་ཆུ་ཐོན་སྐྱེད་བྱེད་མཁན་ཁེ་ལས་བཞི་ཡོད་པ་སྟེ།
1.རིན་སྤུངས་རྫོང་སྐྱོག་པོ་སྨན་ཆུའི་རང་བྱུང་འཐུང་ཆུ་གསར་སྤེལ་ཚད་ཡོད་ཀུང་སི(སྐྱོག་པོ་སྨན་ཆུ)
2.གཞིས་རྩེ་གྲོང་ཁྱེར་རྟ་མགྲིན་གསང་ཆུ་རང་བྱུང་གཏེར་ཆུ་བཟོ་གྲྭ(རྟ་མགྲིན་གསང་ཆུ)
3.བོད་ལྗོངས་སན་ཆན་ཁེ་ལས་ཚད་ཡོད་སུང་སི (དོམ་ཆུ)
4.བོད་ལྗོངས་གངས་དཀར་ཏི་སིའི་ཁ་རོ་ལ་ཁེ་ལས་ཚད་ཡོད་ཀུང་སི(གངས་ལྗོངས་ཁ་རོ་ལ)