[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་རིག་དངོས་སྲུང་སྐྱོང་ཁྱབ་ཁོངས་སུ་སྤྱི་ཕན་གཏུག་བཤེར་དང་ལྟ་སྐུལ་ཐོག་མར་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

     ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྫོང་རིག་དངོས་ཅུས་ལ་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱི་གཏུག་བཤེར་གོང་གི་ཞིབ་དཔྱོད་གྲོས་འགོ་བཏོན་ཏེ། ཅུས་དེས་ཁོངས་གཏོགས་ཁུལ་གྱི་སྤང་ཁ་གནའ་ཤུལ་ལ་ལྟ་འདོམས་དང་སྲུང་སྐྱོང་གི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ནི་བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱི“ཁྱབ་ཁོངས་ཆེན་པོ་ལྔ”ཕུད་པའི་ཁྱབ་ཁོངས་སུ་བློ་ཁོག་ཆེན་པོས་ཚོད་ལྟ་བྱས་པ་ཞིག་དང་། རིག་དངོས་སྲུང་སྐྱོང་ཁྱབ་ཁོངས་སུ་སྤྱི་ཕན་གཏུག་བཤེར་དང་ལྟ་སྐུལ་ཐོག་མར་བྱས་པ་ཞིག་རེད་ལ། “ཞིབ་དཔྱོད་དཔོན་ནི་སྤྱི་པའི་ཁེ་ཕན་གྱི་འཐུས་ཚབ་ཡིན་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་དང་། “སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁྱབ་ཁོངས་ཆེ་རུ་གཏོང་བའི”སྐོར་གྱི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བླང་བྱ་དོན་འཁྱོལ་གྱི་ཞིབ་ཕྲའི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།

    འཕྱོངས་རྒྱས་རྫོང་ལ་ལོ་1400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། སྤང་ཁའི་གནའ་ཤུལ་ནི་འཕྱོངས་རྒྱས་རྫོང་ཁོངས་སུ་གནས་པའི་རྡོ་ཆས་གསར་པའི་དུས་རབས་ཀྱི་རིག་གནས་གནའ་ཤུལ་ཞིག་རེད་ལ། ཡར་ཀླུང་ཚོ་པའི་འཚོ་གནས་ཁུལ་ནས་ཤེས་རྟོགས་ཐུབ་པའི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་ཤུལ་བཞག་ཅིག་རེད། ཤུལ་བཞག་དེ་ནི་2015ལོའི་ཟླ་11པར་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ཚན་པ་ཡིན་པའི་ཁྱབ་བསྒྲཌ་བྱས་པ་རེད།

    འཕྱོངས་རྒྱས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་ལྟ་སྐུལ་གྱི་འགན་འཁྲི་ལག་བསྟར་བྱེད་སྐབས་གནས་སྤོ་མི་ཐུབ་པའི་རིག་དངོས་ཏེ་སྤང་ཁའི་རྗེས་ཤུལ་ལ་སྲུང་སྐྱོང་ས་ཁོངས་ཁ་གསལ་མེད་པ་མ་ཟད། སྲུང་སྐྱོང་གི་བྱ་ཐབས་དང་། མཚོན་རྟགས། གསལ་བཤད་སོགས་གང་ཡང་མེད་པ་ཤེས་རྗེས། རྫོང་རིག་དངོས་ཅུས་དང་ཤ་གསོས་ཤང་སྲིད་གཞུང་དང་མཐུན་སྦྱོར་ཐེངས་མང་བྱས་པ་དང་སྦྲགས། ས་གནས་ས་ཐོག་ཏུ་རིག་དངོས་སྲུང་སྐྱོང་གི་གནས་ཚུལ་ཤེས་རྟོཌ་བྱས་པ་ལས་སྤང་ཁའི་རྗེས་ཤུལ་ལ་གཏོར་བརླག་ཤོར་བའི་ཉེན་ཁ་ཡོད་པ་དང་རྫོང་རིག་དངོས་ཅུས་ཀྱིས་ཁྲིམས་བཞིན་འགན་འཁྲི་ལག་བསྟར་མ་བྱས་པའི་བྱེད་སྤྱོད་གནས་པ་ཤེས།

    འཕྱོངས་རྒྱས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་དེ་གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་བྱས་རྗེས་རྫོང་རིག་དངོས་ཅུས་ལ་ཞིབ་དཔྱོད་གྲོས་འགོ་བཏོན་པ་དང་། འཕྱོངས་རྒྱས་རྫོང་རིག་དངོས་ཅུས་ལ་རིག་དངོས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་རིག་དངོས་སྲུང་སྐྱོང་གི་ལག་རྩལ་ཚད་གཞི་གཞིར་བཟུང་། དུས་ཐོག་ཏུ་སྤང་ཁའི་རྗེས་ཤུལ་ལ་སྲུང་སྐྱོང་ཚན་པའི་མངོན་ཆེའི་མཚོན་རྟགས་བསྒར་དགོས་པ་དང་། རྗེས་ཤུལ་ཉེ་འཁོར་དུ་སྲུང་སྐྱོང་རང་བཞིན་གྱི་ལོགས་དབྱེའི་བྱ་ཐབས་སྤྱོད་དགོས་པ། སྤང་ཁའི་རྗེས་ཤུལ་གྱི་རིག་དངོས་སྲུང་སྐྱོང་ལས་དོན་སྒྲུབ་མཁན་ཆེད་མི་གཏོང་དགོས་པ། རིག་དངོས་སྲུང་སྐྱོང་གི་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། དེ་བཞིན་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

    འཕྱོངས་རྒྱས་རྫོང་རིག་དངོས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཞིབ་དཔྱོད་ཀྱི་གྲོས་འགོ་དང་བླང་བྱ་གཞིར་བཟུང་། འཕྲལ་དུ་དག་ཐེར་བྱས་ཏེ་མི་རྒྱུ་དངོས་གསུམ་སྒྲིག་འཛུགས་ཀྱིས་ལས་དོན་སྤེལ་ནས་སྤང་ཁའི་རྗེས་ཤུལ་སྲུང་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད་ཅེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།