[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བདེ་འཇགས་འགན་སྲུང་བྱས་ནས། བརྟན་ལྷིང་ལ་སྐུལ་འདེད་བཏང་།

    —— ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དམངས་ཀྱི་དོན་ལ་གཞོལ་བའི་ཐོག་མའི་བསམ་འདུན་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-24

    ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ལ་འཐབ་འཛིང་པ་250ཡོད་ལ་ཁོང་ཚོ་ནི་རྒྱ་རིགས་དང་། བོད་རིགས། མན་ཇུ་རིགས། དབྱིས་རིགས། ཁྲའོ་ཞན་རིགས་བཅས་མི་རིགས་5ལས་གྲུབ་ཅིང་། བཅའ་སྡོད་བྱ་ཡུལ་གྱི་ཆ་སྙོམས་ས་བབ་སྨི་3500ཡན་ཟིན་གྱི་ཡོད་པ་རེད། དུས་ཡུན་རིང་པོར། ཉིང་ལག་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ“བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩིས་པ་དང་། མི་དམངས་གཉེན་ཉེར་བརྩིས”ནས་མི་རིགས་མཐུན་སྒྲིལ་ལྟེ་བའི་ལས་དོན་དང་མཉམ་དུ་བཀོད་སྒྲིག་དང་སྐུལ་སྤེལ་བཏང་ཐོག དཀའ་སྤྱད་དངོས་སྒྲུབ་ལས་ལ་གཞོལ་བར་བརྟེན། ཆབ་མདོ་གྲོང་ཁྱེར་ལ་2011ལོ་ནས་ད་བར་ལོ་བརྒྱད་བསྟུད་མར་འཆི་རྨས་ཀྱི་མེ་སྐྱོན་ལས་འཛོལ་དང་ཤུགས་རྐྱེན་ཆེ་བའི་མེ་སྐྱོན་ལས་འཛོལ་གང་ཡང་ཐོན་མེད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས“མི་དམངས་ཀྱི་ཆེད་དུ་མེ་ཟོན་ལས་ཀར་འབད་པའི”ཐོག་མའི་བསམ་འདུན་ལག་བསྟར་བྱས་པ་རེད།

    མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོང་བྱེད་པ།

    དུས་ཡུན་རིང་པོར། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ནི་ཡུལ་དེ་གའི་མང་ཚོགས་དང་སྙིང་ཉེ་ཤོས་དང་འབྲེལ་བ་ཟབ་ཤོས་ཀྱི་དཔུང་ཁག་གི་གྲས་ཤིག་ཡིན། ཉེན་ཁ་དུས་ཐོག་ཏུ་སེལ་བར་བརྩོན་ནས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་ཆེ་སར་ལས་དོན་བསྒྲུབས་ཤིང་། 2015ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁྱོན་ཉེན་བརྡ་ཁག་4835ཐག་གཅོད་བྱས་པ་དང་། མེ་སྐྱོན་ཁག་64མེད་པར་བཟོས་པ། ཉེན་སེལ་རོགས་སྐྱོབ་དང་སྤྱི་ཚོགས་རོགས་སྐྱོབ་ཁག་239བྱས་པ། འཁོར་རིགས་ཐེངས་5393བཏང་བ། ཉེན་རྟོག་པ་མི་ཐེངས་28646བཏང་ནས་ཉེན་གྱར་བ་112བསྐྱབས་པ། མི་གྲངས་2403ཁ་གྲམ་པ་བཅས་བྱས་ཏེ་རྒྱུ་ནོར་སྒོར་ཁྲི་1479ལྷག་རི་བ་སྲུང་སྐྱོང་དང་མྱུར་སྐྱོབ་བྱས་ནས་ཆབ་མདོ་གྲོང་ཁྱེར་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་། དཔལ་འབྱོར་དང་སྤྱི་ཚོགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བཅས་ཡོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱིས་དོ་ཁུར་བྱེད་པའི་བྱེད་སྒོ་དང་གྲོང་ཁྱེར་ནང་སྒྲིག་འཛུགས་བྱས་པའི་མཛད་སྒོ་སྣ་ཚོགས་གང་ཡིན་རུང་། ཉིང་ལག་རུ་ཁག་གིས་སྔོན་ལ་བསྐྱོད་ནས་ཏང་ཨུད་དང་སྲིད་གཞུང་གི་བཀོད་འདོམས་དང་འབོད་སྐུལ་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱས་ཤིང་། ལྷག་དོན་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་མེ་ཟོན་བདེ་སྲུང་བྱེད་སྒོའི་ནང་། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི་སྣ་ཡོངས་ཀྱི་ལས་སྒྲུབ་མཐའ་འཁྱོངས་བྱས་ནས་སྒྲིག་ལམ་ནན་དུ་བཏང་བས་དུས་ཆེན་དང་རྟེན་འབྲེལ་གལ་ཆེན། བྱེད་སྒོ་གལ་ཆེན་གྱི་རིང་མེ་སྐྱོན་གཅིག་ཀྱང་མེད་པའི་གྲུབ་འབྲས་ཡག་པོ་ཐོབ་པ་རེད།

    2018ལོར། ཉིང་ལག་རུ་ཁག་གིས་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་སྐྲུན་དངོས་ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་དང་ཆབ་མདོ་གྲོང་ཁྱེར་གྱི་དགོན་སྡེ་518ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པས་མེ་ཟོན་གྱི་མངོན་མེད་རྐྱེན་ངན་410ལྷག་ཙམ་ཤེས་རྟོགས་ཐུབ་པ་དང་། ས་གནས་ས་ཐོག་ཏུ་མེ་ཟོན་གྱི་མངོན་མེད་རྐྱེན་ངན་160དག་ཐེར་བྱས་ནས《ཆབ་མདོ་གྲོང་ཁྱེར་གྱི་རང་སྐྱོང་ལྗོངས་རིམ་པ་ཡན་གྱི་རིག་དངོས་དང་གནའ་བོའི་སྐྲུན་དངོས་ཀྱི་མེ་ཟོན་བདེ་འཇགས་ཉེན་ཁའི་ཆེད་དོན་བརྟག་ཞིབ་དཔྱད་དཔོག་སྐོར་གྱི་སྙན་ཞུ》གྲུབ་ནས་མ་དངུལ་སྒོར་ཁྲི་3910མཐུན་སྦྱོར་བརྩོན་ལེན་བྱས་ཏེ། རྒྱལ་ཁབ་རིམ་པའི་དགོན་སྡེའི་རིག་དངོས་གནའ་བོའི་སྐྲུན་དངོས་བྱམས་པ་གླིང་དགོན་དང་། གཙུག་ལག་ཁྲ་འཁྱིལ་མ། རྫོང་རིམ་པའི་དགོན་སྡེ་བཅས་ལ་མེ་ཟོན་ལས་གྲྭ་སྒྱུར་བཀོད་བྱས་པ་རེད།

    མི་དམངས་ལ་རོགས་རམ་བྱས་ནས་དཀའ་གནད་སེལ་བ།

    སྔར་ནས་ད་བར། ཆབ་མདོ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བློ་དཀར་སེམས་དཀར་ངང་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་ཆེད་ལས་དོན་དངོས་སྒྲུབ་པ་དང་། ལས་དོན་ཡག་པོ་སྒྲུབ་པ། དཀའ་གནད་སེལ་བ་བཅས་ཀྱི་ཐོག་ནས་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་རྣམ་པ་བཟང་པོ་བཏོད་པ་དང་བྱ་སྤྱོད་ངོ་མའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་ཡིད་ཆེད་དང་གདེང་འཇོག་བཟང་པོ་ཐོབ་པ་བྱས་པ་རེད།

    2015ལོ་ཚུན་དུ། ཉིང་ལག་རུ་ཁག་གིས་ད་དུང་རྣམ་པ་མི་འདྲ་བའི་དམངས་ཕན་བྱེད་སྒོ་སྤེལ་ཏེ། མང་ཚོགས་ལ་ཞིང་ཁ་རྔ་བསྡུ་བྱེད་རོགས་དང་། བཅའ་སྡོད་བྱ་ཡུལ་གྱི་ཁྱིམ་ཚང་དབུལ་པོ་དང་མི་ཧྲེང་རྒན་འཁོགས་ལ་འཚམས་འདྲི་བྱས་ནས“སྐལ་བཟང་མེ་ཏོག་ཞབས་ཞུའི་རུ་ཁག”སོགས་བཙུགས་ཡོད། ཉིང་ལག་རུ་ཁག་གི་དམིགས་བསལ་ཉེན་རྟོག་རུ་འབྲིང་གིས་ཁ་རུབ་ཆུས་ཀྱི་གཡེར་སྟོད་གྲོང་ཚོའི་མི་ཧྲེང་རྒན་འཁོགས་ཤིག་ལ་དུས་ཡུན་རིང་པོར་རོགས་སྐྱོར་བྱས་ཏེ་ཁོང་ལ་འཚམས་འདྲིའི་དངུལ་དང་བཟའ་བཅའ་ཐེངས་མང་བསྐྱལ་བ་མ་ཟད། ཁོང་གི་རྒྱུན་གཏན་འཚོ་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།