[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ཀློག་པ་པོས་གཡར་བའི་དཔེ་དེབ་1696ཚུར་མ་སྤྲད་པའི་སྣང་ཚུལ་ལ་ཉེས་ཆད་གཏོང་མཁན་ཡིན་པ།

    ལོ་མཇུག་གོང་དཔེ་དེབ་ཚུར་བསློགས་ཚེ་ཉེས་ཆད་གཏོང་གི་མིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    DSC_1968.jpg

    གསར་འགོད་པར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལྟ་ཀློག་ལ་གཡར་བའི་དཔེ་དེབ་དུས་ཆད་འགྱངས་ནས་ཚུར་མི་སྤྲོད་་པའི་སྣང་ཚུལ་ཉེ་བའི་ལོ་ཤས་རིང་རིམ་བཞིན་མང་དུ་འགྲོ་གི་ཡོད་ལ། དུས་ཡུན་ཡང་རིང་དུ་འགྲོ་གི་ཡོད། རང་སྐྱོང་ལྗོངས་དཔེ་མཛོད་ཁང་དཔེ་ཉར་པུའི་ཀྲུའུ་རེན་བདེ་སྐྱིད་པད་སྒྲོལ་གྱིས་2014ལོའི་ཟླ་6པ་ནས་2018ལོའི་ལོ་མཇུག་བར། ཁྱོན་དཔེ་དེབ་1696གཡར་ནས་ཚུར་སྤྲད་མེད་སྟབས་ཉར་ཚགས་དཔེ་དེབ་ཀྱི་འཁོར་རྒྱུག་མྱུར་ཚད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཅེས་ངོ་སྤྲོད་བྱས།

    གསར་འགོད་པས་བཅར་འདྲི་བྱེད་རིང་། བདེ་སྐྱིད་པད་སྒྲོལ་གྱིས་2014ལོའི་ཟླ་6པ་ནས་2018ལོའི་ལོ་མཇུག་བར། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་གློག་རྡུལ་དེབ་གཡར་ལག་ཁྱེར་སྤྱོད་འགོ་ཚུགས་ཚུན་གྱི་དཔེ་མཛོད་ཁང་ནས་དཔེ་དེབ་གཡར་བའི་གནས་ཚུལ་ལ་ལྟ་ཞིབ་བྱེད་སྐབས། ཉེ་བའི་ལོ་ཤས་ཁོ་ནར་གཡར་བའི་དཔེ་དེབ་1696ཚུར་སྤྲད་མེད་པ་རེད། དེའི་ནང་བོད་ཡིག་དང་བོད་རིག་པའི་དཔེ་དེབ་ཀྱིས་བཟུང་བའི་བསྡུར་ཚད་མང་པོ་ཡོད་ཅིང་། བོད་ཡིག་དཔེ་དེབ་343དང་། བོད་རིག་པའི་ཐད་ཀྱི་རྒྱ་ཡིག་དེབ་338ཡོད་པ་མ་ཟད། ད་དུང་བྲིན་ཁ་རྒྱུག་པའི་དཔེ་དེབ་ཁག་གཅིག་ཀྱང་དུས་ཆད་འགྱངས་ཀྱང་ད་དུང་ཚུར་སྤྲད་མེད་པ་ཤེས་པ་རེད།

    བདེ་སྐྱིད་པད་སྒྲོལ་གྱིས་གསར་འགོད་པར། 2014ལོའི་ཟླ་6པ་ནས་བཟུང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ILASལ་བརྟེན་ནས་རང་འགུལ་ཅན་གྱི་མ་ལག་སྤྱད་དེ་དཔེ་དེབ་གཡར་སྤྲོད་བྱེད་པར་གྲོང་མི་ཚོས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་དཔེ་དེབ་གཡར་ཆོག་གི་ཡོད། མིག་སྔར་དཔེ་དེབ་གཡར་སྟངས་རིགས་མི་འདྲ་བ་གཉིས་ཡོད་ཅིང་། གཅིག་ནི་དངུལ་སྒོར་100གཏའ་མར་བཞག་སྟེ་དེབ་ཟླ་བ་1གཡར་ཆོག་པ་དང་ཐེངས་གཅིག་ལ་དེབ་3གཡར་ནས་མུ་མཐུད་ཟླ་1གཡར་ཆོག་གི་ཡོད། གཅིག་ཤོས་ནི་སྒོར་300གཏའ་མར་བཞག་སྟེ་དེབ་ཟླ་བ་1གཡར་ཆོག་པ་དང་ཐེངས་གཅིག་ལ་དེབ་6གཡར་ནས་མུ་མཐུད་ཟླ་བ་གཅིག་དང་ཕྱེད་ཀ་གཡར་ཆོག་གི་ཡོད། ལག་པས་དེབ་གཡར་སྟངས་དང་བསྡུར་ན་ILASམ་ལག་གི་ལེགས་ཆ་ཆེ་ཤོས་ནི་དེབ་གཡར་མཁན་ཀློག་པ་པོ་དང་དེབ་གཡར་སྤྲོད་ཀྱི་གནས་ཚུལ་ཚང་མ་ཀློག་པ་པོའི་ལག་ཁྱེར་ཨང་གྲངས་བརྒྱུད་འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད་ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོམས་སྟབས་རྗེས་མར་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་ད་ཡོད་ཉར་ཚགས་བྱས་པའི་དཔེ་དེབ་དང་ཕྱིར་གཡར་བའི་དཔེ་དེབ་ལ་གཞི་ཁྱོན་ཆེ་བའི་གཙང་སེལ་བྱེད་རྒྱུ་དང་ཆབས་ཅིག་ད་ལྟ་བཟོ་བཞིན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞིར་བཟུང་དཔེ་དེབ་གཡར་ནས་དུས་ཆད་འགྱངས་ཏེ་ཚུར་མི་སྤྲོད་མཁན་ལ་ཉེས་ཆད་གཏོང་བ་མ་ཟད། དེབ་གཡར་ནས་ལོ་5ཡན་སོང་ཡང་ད་དུང་ཚུར་མི་སྤྲོད་མཁན་གྱི་དེབ་གཡར་ལག་ཁྱེར་ཐོ་ཁོངས་ནས་སུབ་མཁན་རེད།

    བདེ་སྐྱིད་པད་སྒྲོལ་གྱིས“རང་སྐྱོང་ལྗོངས་དཔེ་མཛོད་ཁང་བཙུགས་ཚུན། སྔ་བར་ཕྱི་གསུམ་དུ་མི་གཤིས་ཅན་གྱི་དོ་དམ་ལ་བརྩི་འཇོག་བྱས་ཏེ་དུས་ཆད་འགྱངས་ཀྱང་ཆད་པ་རྩ་བ་ནས་གཅོད་མྱོང་མེད། ཕྱི་ལོ་སྒྲིག་སྲོལ་དང་ལམ་སྲོལ་ཡག་པོ་བཟོས་རྗེས། ང་ཚོས་ཆད་གཅོད་ཀྱི་བྱེད་ཐབས་ཁག་གཅིག་ལག་བསྟར་བྱས་ནས་ཀློག་པ་པོས་དེབ་དུས་ཐོག་ཏུ་སློག་པར་ལྟ་སྐུལ་བྱེད་ཀྱི་ཡིན། རྒྱ་ཆེའི་ཀློག་པ་པོར་དུས་ཐོག་ཏུ་དེབ་གཡར་སྤྲོད་བྱེད་པ་དང་ཚུར་སྤྲོད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་དེབ་བརླག་པའི་སྣང་ཚུལ་ཉུང་དུ་གཏོང་དགོས་པའི་རེ་བ་འདོན་རྒྱུ་ཡིན”ཞེས་བརྗོད།

    བདེ་སྐྱིད་པད་སྒྲོལ་གྱིས་སྒྲིག་སྲོལ་དང་ལམ་སྲོལ་ཕྱི་ལོ་འཛུགས་པ་དང་འབྲེལ། དངོས་སུ་ལག་ལེན་བསྟར་མཁན་ཡིན་པས་ལག་བསྟར་མ་བྱས་གོང་དུ་ལག་པས་དཔེ་དེབ་གཡར་བའི་སྐབས(2014ལོའི་ཟླ་6པའི་གོང)དཔེ་དེབ་གཡར་བ་ནས་ད་བར་དཔེ་དེབ་བསློགས་མེད་རིགས་ཀྱིས་དཔེ་དེབ་གཡར་བའི་འཛིན་ཤོག་དང་གཡར་བའི་དཔེ་དེབ་ཁྱེར་ཏེ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དུ་རྩིས་སྤྲོད་པ་དང་ཆབས་ཅིག་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གིས་རིན་མི་དགོས་པར་གློག་རྡུལ་དཔེ་དེབ་གཡར་བའི་ལག་ཁྱེར་ཞིག་བཟོས་ནས་མུ་མཐུད་དེབ་གཡར་བར་སྟབས་བདེ་སྐྲུན་གྱི་ཡིན། གཞན་ཡང་དཔེ་དེབ་གཡར་ནས་ཡུན་རིང་པོ་སོང་ཡང་གལ་ཏེ་ལོ་མཇུག་གོང་དུ་ཚུར་སྤྲད་ཚེ་ཉེས་ཆད་གཏོང་གི་མིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།