[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རིམ་པ་དང་པོའི་རྨས་སྐྱོན་ཕོག་མཁན་ལ་གུན་གསབ་ཟླ་བ་27གྱི་གླ་ཆ་ཐེངས་གཅིག་ལ་སྤྲོད་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-04

    liy9511187.jpg

     འདི་ནི་འགན་བཅོལ་ལ་ཞུགས་མཁན་གྱིས་ལས་རྨས་འགན་བཅོལ་གྱི་འབྲེལ་ཡོད་གནད་དོན་བློ་འདྲི་བྱེད་བཞིན་པ།

    2005ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལས་རྨས་འགན་བཅོལ་གྱི་སྤྱི་ཚོགས་ཀྱི་སྤྱི་འདོམས་ལས་དོན་སྤེལ་བ་ནས་ད་བར་ལོ་14ལྷག་ཙམ་སོང་ཡོད། ལོ་14ཡི་རིང་ལས་རྨས་འགན་བཅོལ་ལམ་ལུགས་ཐད་ཕྱོགས་རྐྱང་པའི་ལས་འཛོལ་ཐོན་རྗེས་ཁ་གསབ་སྤྲོད་པ་ནས་ལས་འཛོལ་མ་ཐོན་གོང་སྔོན་འགོག་ཧུར་ཐག་བྱེད་པ་དང་། ལས་འཛོལ་ཐོན་རྗེས་ཁ་གསབ་སྤྲོད་པར་གསལ་འབྱེད་བྱེད་པ། ལས་རྨས་ལས་བཟོ་སྤྱི་ཚོགས་ཐོག་སྐྱོད་པའི་ལས་རྨས་དྲག་སྐྱེད་བཅས་ཀྱི“ཕྱོགས་གསུམ་གཞི་གཅིག”ལ་སྐུལ་འདེད་གཏོང་བའི་ལས་རྨས་འགན་བཅོལ་གྱི་ལམ་ལུགས་ལ་འགྱུར་ལྡོག་ཕྱིན་ཡོད། རྒྱ་ཆེའི་མི་སྤྱོད་ཚན་པ་དང་ལས་རིགས་མི་ཚོགས་ཀྱིས་ལས་རྨས་འགན་བཅོལ་གྱི་འབྲེལ་ཡོད་གཏན་འབེབས་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱ་ཆེད། ཉིན་ཤས་གོང་གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ལས་རྨས་འགན་བཅོལ་ལྟེ་གནས་ཀྱི་འབྲེལ་ཡོད་འགན་འཁུར་བར་བཅར་འདྲི་ཞུས་པ་ཡིན།

    ལས་རྨས་འགན་བཅོལ་ནི་ལས་ཀ་བྱེད་སྐབས་ལས་འཛོལ་གྱི་རྨས་སྐྱོན་ཕོག་པའམ་ཡང་ན་ལས་རིགས་ཀྱི་གཅོང་ནད་ཕོག་པའི་ལས་བཟོ་དང་དེའི་གཉེན་ཚན་ལ་སྨན་བཅོས་རོགས་སྐྱོབ་དང་དཔལ་འབྱོར་གྱི་གུན་གསབ་ལེན་ཐུབ་པའི་འགན་ལེན་བྱས་ནས་ལས་རྨས་སྔོན་འགོག་དང་ལས་རིགས་རྨས་སྐྱོན་དྲག་སྐྱེད་ལ་སྐུལ་འདེད་གཏོང་བ་དང་། མི་སྤྱོད་ཚན་པའི་ལས་རྨས་ཀྱི་ཉེན་ཁ་ཆུང་དུ་གཏོང་ཆེད། རྒྱལ་ཁབ་ཀྱིས་བཙན་ཐབས་སྒོ་ནས་ལག་ལེན་བསྟར་བའི་སྤྱི་ཚོགས་ཀྱི་འགན་བཅོལ་ལམ་ལུགས་ཤིག་རེད།

    2019ལོའི་ཟླ་5ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་རིགས་དང་པོ་ནས་བརྒྱད་པའི་བར་གྱི་ལས་རྨས་ཉེན་ཁའི་ལས་རིགས་ཀྱི་རྩིས་གཞིའི་གྲོན་དངུལ་ཚད་གཞི་མུ་མཐུད་0.1%དང་། 0.2% 0.35% 0.45% 0.55% 0.65% 0.8% 0.95%བཅས་གཞིར་བཟུང་ལག་བསྟར་བྱས་ཡོད་པ་དང་། གནས་སྐབས་ལག་བསྟར་གྱི་དུས་ཚོད་2020ལོའི་ཟླ་4ཚེས་30ཉིན་བར་རེད། ལས་གྲྭའི་འགྲོ་གྲོན་བསྡོམས་འབོར་དང་། ལོ་གོང་མའི་གཏེར་ལས་ཐོན་རྫས་ཀྱི་རིན་ཐང་། ལོ་གོང་མའི་ཐོན་སྐྱེད་ཕྱིར་ཚོང་གི་ཐོན་རྫས་རིན་ཐང་བསྡོམས་འབོར་སོགས་ལས་རྨས་འགན་བཅོལ་གྱི་གྲོན་དངུལ་ཐེངས་གཅིག་ལ་བསྐྱལ་བའི་ཁེ་ལས་ཀྱི་འབྲེལ་ཡོད་ལས་རྨས་འགན་བཅོལ་གྱི་གྲོན་ཚད་ལ་འགྱུར་ལྡོག་མི་འགྲོ་བ་སྟེ། དཔེར་ན་ཨར་ལས་ཁེ་ལས་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་ཚད་གཞི་ནི་ལས་གྲྭའི་འགྲོ་གྲོན་བསྡོམས་འབོར་གྱི་0.3%ཡིན་པ་རེད།

    ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ནང་གཙོ་བོ་སྨན་བཅོས(དྲག་སྐྱེད་ཚུད་པ)ཐོབ་ཐང་དང་། ལས་རྨས་ཐོབ་ཐང་། ལས་ཐོག་གྲོངས་པའི་ཐོབ་ཐང་བཅས་ཚུད་ཡོད། རྣམ་གྲངས་ནང་ལས་རྨས་སྨན་བཅོས་ཀྱི་སྨན་རིན་དང་དྲག་སྐྱེད་ཀྱི་གྲོན་དངུལ་དང་། ནད་སྡོད་ལྟོ་ཆས་ཀྱི་ཁ་གསབ་གྲོན་དངུལ། སྤྱི་འདོམས་ས་ཁུལ་ཕུད་པའི་སྨན་ཁང་ལ་སྨན་བཅོས་ཆོག་མཆན་ཐོབ་པའི་འགྲིམ་འགྲུལ་དང་ཞག་སྡོད་ཀྱི་གྲོན་དངུལ། ལས་རྨས་ཀྱི་རམ་འདེགས་ཡོ་བྱད་སྒྲིག་སྦྱོར་ལ་མཁོ་བའི་གྲོན་དངུལ། འཚོ་བ་རང་རྐྱ་མི་འཕེར་བ་དང་ངལ་རྩོལ་ནུས་ཤུགས་དཔྱད་འདེམས་ཨུ་ལྷན་གྱིས་གཏན་འཁེལ་བྱས་པའི་འཚོ་བའི་གཡོག་བྱེད་གྲོན་དངུལ། སྤྲོད་ཐེངས་གཅིག་གི་ལས་རྨས་ཁ་གསབ་དངུལ་དང་རིམ་པ་དང་པོ་ནས་བཞི་པ་བར་གྱི་རྨས་སྐྱོན་ཕོག་པའི་ལས་བཟོས་ཟླ་རེ་བཞིན་ལེན་པའི་རྨས་སྐྱོན་གྱི་ཕོགས་སྣོན་བཅས་ཚུད་ཡོད་པ་རེད།

    གཞུང་དོན་གྱིས་རྐྱེན་པས་ལས་བཟོའི་དབང་པོར་སྐྱོན་ཤོར་བ་དེ་རིམ་པ་དང་པོ་ནས་བཞི་པ་བར་གྱི་རྨས་སྐྱོན་ལ་གསལ་འབྱེད་བྱས་ནས་ངལ་རྩོལ་འབྲེལ་བ་རང་སོར་འཇོག་པ་དང་ལས་གནས་ལས་ཕྱིར་འཐེན་བྱས་ཏེ་གཤམ་གསལ་གྱི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པ་སྟེ། ལས་རྨས་འགན་བཅོལ་གྱི་ཐེབས་རྩ་ནས་རྨས་སྐྱོན་ཕོག་པའི་རིམ་པ་གཞིར་བཟུང་སྤྲོད་ཐེངས་གཅིག་གི་རྨས་སྐྱོན་ཁ་གསབ་དངུལ་སྤྲོད་པ་དང་། ཚད་གཞི་ནི་རིམ་པ་དང་པོའི་རྨས་སྐྱོན་ཕོག་མཁན་ལ་ཟླ་བ་27རིང་གི་གླ་ཆ་སྤྲོད་པ་དང་། རིམ་པ་གཉིས་པའི་རྨས་སྐྱོན་ཕོག་མཁན་ལ་ཟླ་བ་25རིང་གི་གླ་ཆ་སྤྲོད་པ། རིམ་པ་གསུམ་པའི་རྨས་སྐྱོན་ཕོག་མཁན་ལ་ཟླ་བ་23རིང་གི་གླ་ཆ་སྤྲོད་པ། རིམ་པ་བཞི་པའི་རྨས་སྐྱོན་ཕོག་མཁན་ལ་ཟླ་བ་21རིང་གི་གླ་ཆ་སྤྲོད་ཀྱི་ཡོད།

    ལས་ཐོག་གྲོངས་པའི་ཐོབ་ཐང་ནང་སྤྲོད་ཐེངས་གཅིག་གི་ལས་ཐོག་ཚེ་ལས་འདས་པའི་ཁ་གསབ་དངུལ་དང་། གཤིན་པོ་དུར་སྐྱེལ་གྱི་ཁ་གསབ་དངུལ། གཉེན་ཉེར་བསྙེན་བཀུར་གྱི་ཁ་གསབ་དངུལ་བཅས་ཚུད་ཡོད། སྤྲོད་ཐེངས་གཅིག་གི་ལས་ཐོག་གྲོངས་པའི་ཁ་གསབ་དངུལ་གྱི་ཚད་གཞི་ནི་ལོ་གོང་མའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་ལྡབ་20(2019ལོར་ལག་བསྟར་བྱས་པའི་ཚད་གཞི་ནི་སྒོར་39251×20=785020)ཡིན་པ་དང་། གཤིན་པོ་དུར་སྐྱེལ་གྱི་ཁ་གསབ་ཚད་གཞི་ནི་ཟླ་6རིང་གི་སྤྱི་འདོམས་ས་ཁུལ་གྱི་ལོ་འཁོར་གོང་མའི་ལས་ཐོག་ལས་བཟོའི་ཟླ་རེའི་ཆ་སྙོམས་གླ་ཆ(2018ལོར་ལག་བསྟར་བྱས་པའི་ཚད་གཞི་ནི་7587×6=45522)ཡིན་པ། གཉེན་ཉེར་བསྙེན་བཀུར་གྱི་གཟིགས་སྐྱོང་དངུལ་ལས་བཟོ་རང་ཉིད་ཀྱི་གླ་ཆའི་བསྡུར་གྲངས་ངེས་ཅན་གཞིར་བཟུང་། ལས་ཐོག་གྲོངས་པའི་ལས་བཟོ་གསོན་པོར་སྡོད་སྐབས་ཀྱི་ངལ་རྩོལ་ནུས་ཤུགས་མེད་པའི་གཉེན་ཉེ་སོགས་ལ་སྤྲོད་ཀྱི་ཡོད།

    འགན་འཁུར་བ་དེས་ངོ་སྤྲོད་བྱས་པར། ལས་རྨས་འགན་བཅོལ་གྱི་ཐོབ་ཐང་རེ་ཞུ་བྱེད་པར་གཤམ་གསལ་གྱི་དཔྱད་གཞིའི་ཡིག་རིགས་མཁོ་འདོན་བྱེད་དགོས་པ་སྟེ། སྤྱི་ཚོགས་འགན་བཅོལ་སྲིད་འཛིན་སྡེ་ཚན་གྱིས་བཏོན་པའི《ལས་རྨས་གཏན་འཁེལ་གྱི་ཆོད་ཡིག》མ་ཡིག་དང་པར་སློག་ཆོད་ཡིག་དང་། ངལ་རྩོལ་ནུས་ཤུགས་གསལ་འབྱེད་ཨུ་ལྷན་གྱིས་བཏོན་པའི《ངལ་རྩོལ་ནུས་ཤུགས་གསལ་འབྱེད་བསྡོམས་ཚིག་བརྡ་ཡིག》གི་མ་ཡིག་དང་པར་སློག་བརྡ་ཡིག སྨན་བཅོས་སྒྲིག་གཞིས་བཏོན་པའི《སྨན་ཁང་ནས་དོན་པའི་དཔང་ཡིག》གི་མ་ཡིག་དང་། འཛིན་ཤོག་གི་མ་ཡིག་དང་དེ་བཞིན་གྲོན་དངུལ་གསལ་ཐོ་བཅས་རེད།

    ལས་ཐོག་གྲོངས་པའི་ལས་བཟོས་གཉེན་ཉེར་བསྙེན་བཀུར་བྱས་རིགས་ལ། སྤྱི་ཚོགས་འགན་བཅོལ་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི《བོད་རང་སྐྱོང་ལྗོངས་ལས་ཐོག་གྲོངས་པའི་ལས་བཟོས་གཉེན་ཉེར་བསྙེན་བཀུར་བྱེད་རིགས་སྤྱི་འདོམས་དོ་དམ་ཐོབ་ཐང་ཁས་ལེན་རེའུ་མིག་ནང་བཅུག་པ》འབུལ་དགོས་པ་དང་། སྤྲོད་ཐེངས་གཅིག་གི་ལས་རྨས་སྨན་བཅོས་ཀྱི་ཁ་གསབ་དངུལ་རེ་ཞུ་བྱེད་མཁན་གྱིས་ངལ་རྩོལ་འབྲེལ་བ་བཅད་པའམ་ཡང་ན་མཚམས་འཇོག་བྱེད་པའི་ངོ་སྤྲོད་ཡི་གེ་འབུལ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།