[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་གཙོ་ཁག་གི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-14

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་རྒྱལ་ཁབ་བདེ་འཇགས་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ལྷ་ས་གྲོང་ཁྱེར་གྱི་དགོན་སྡེ་གཙོ་ཁག་ཏུ་དོ་དམ་བྱེད་སྟངས་གསར་གཏོད་དང་། བརྟན་ལྷིང་སྲུང་སྐྱོང་། སྔོན་འགོག་ཚོད་འཛིན་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་བརྟག་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ། ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ཏེ། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་། དགོན་སྡེའི་དགེ་འདུན། དད་ལྡན་མང་ཚོགས་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། 

    འབྲས་སྤུངས་དགོན་དང་། སེ་ར་དགོན། གཙུག་ལག་ཁང་བཅས་ནས་ཀྲོང་ཡན་གྱིས་ཆོས་ལུགས་ཞབས་ཞུ་དོ་དམ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། དད་ལྡན་མང་ཚོགས་དང་ཡུལ་སྐོར་བར་བྱམས་བརྩེའི་བཀའ་མོལ་ཡང་གནང་ཞིང་། ཁོང་གིས་དགོན་སྡེའི་དོ་དམ་ཨུ་ལྷན་ཁག་དང་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ“བརྟན་ལྷིང”གཙོ་བོར་བཟུང་སྟེ། ཞབས་འདེགས་ཞུ་སྟངས་དང་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱས་པར་ཁས་ལེན་གང་ལེགས་གནང་བ་རེད། 

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་དགོན་སྡོད་ལས་བྱེད་པ་དང་རྒྱ་ཆེའི་གྲྭ་བཙུན་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་དུས་བབ་གསར་པའི་འོག་ཆོས་ལུགས་ཁྱབ་ཁོངས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཉེ་དུས་ཀྲུའུ་ཞི་དབང་དབྱང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དགོན་སྡེ་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཞབས་ཞུ་དང་དོ་དམ་གྱི་ལས་དོན་སྐོར་ལ་ལྗོངས་ཏང་ཨུད་ཀྱིས་བཏོན་པའི་བླང་བྱ་ཞིབ་ཕྲ་བཅས་སྒྲོག་འགྲེལ་གནང་བ་རེད། ཁོང་གིས་ད་དུང་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་གྲྭ་བཙུན་ལ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་ཆུད་ཟོས་སུ་མི་གཏོང་བར། ཆོས་ལུགས་ཀྱི་ཤེས་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དེང་དུས་ཀྱི་རིག་གནས་ཤེས་བྱ་སློབ་སྦྱོང་རྒྱ་ཁྱབ་ཏུ་བྱས་ནས་ཕྱོགས་བསྡུས་བྱང་ཚད་མཐོ་རུ་ཏན་ཏིག་དང་ཀུན་སྤྱོད་ལེགས་སུ་ཏན་ཏིག་གཏོང་དགོས་པ་དང་། ཐོས་བསམ་སྒོམ་གསུམ་ལ་གཞོལ་ནས་དད་ལྡན་པ་ཚོར་ཞབས་འདེགས་ཡག་པོ་ཞུ་དགོས་པ། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་པ། བོད་བརྒྱུད་ནང་བསྟན་ལ་རྒྱུན་ཆད་མེད་པར་དུས་བསྟུན་འཕེལ་རྒྱས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་དེ་བས་ཀྱང་འཚམ་པར་བྱེད་པའི་ཁྲིད་སྟོན་བྱས་ནས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། ཆོས་ལུགས་འཆམ་མཐུན་བཅས་ལ་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བཅས་ཀྱི་རེ་བའང་བཏོན་གནང་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།