[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བཅའ་ཁྲིམས་ཁྱབ་གདལ་གྱི“སྤུས་རིམ་གསར་པ”བཙུགས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི“རྣམ་པ་ཆེན་པོ”བཏོད་པ།

    བོད་ལྗོངས་ཀྱི“ལྔ་བདུན”བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    zhoumj8983.jpg

    ཉེ་ཆར། བོད་ལྗོངས་ནང་བསྟན་སློབ་གླིང་དུ་རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་དང་ལྷ་ས་གྲོང་ཁྱེར་བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག“ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་ཁྱབ་སྤེལ་གཏོང་བ——རྩ་ཁྲིམས་སློབ་སྦྱོང་བྱེད་པ་དང་ལྒང་ཞུའི་གབ་ཚིག་ལ་ལན་འདེབས་པའི”བྱེད་སྒོ་སྤེལ་ཞིང་། འདི་ནི་དགེ་འདུན་པ་ཚོས་གབ་ལན་འདེབས་རྒྱུའི་དྲི་གཞི་བདམས་ནས་ལན་འདེབས་རྩིས་བྱེད་བཞིན་པ།

    “ལྔ་བདུན”བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས“དྲ་སྦྲེལ་དང་བཅའ་ཁྲིམས་ཞབས་ཞུ”ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས་དྲ་སྦྲེལ་གྱི་ལག་རྩལ་གསར་ཤོས་དང་མི་ཐབས་རིག་ནུས་ལག་རྩལ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ནང་དོན་དང་དགོས་མཁོ་དང་ཟུང་དུ་འབྲེལ་ནས་མི་རིགས་ཁག་གི་མང་ཚོགས་ལ་དུས་ཐོག་དང་སྟབས་བདེའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱི་ཚད་མཐོའི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། མིག་སྔའི་བར། ལྗོངས་ཡོངས་སུ་རིགས་ཁག་གི་དྲིལ་བསྒྲགས་བྱེད་སྒོ་ཐེངས་272796སྤེལ་བ་དང་། ཁྲིམས་སྐྱོང་འཆད་ཁྲིད་ཐེངས་3654བྱས་པ། དྲིལ་བསྒྲགས་དཔྱད་གཞིའི་ཡིག་ཆ་ཁྲི་2000ལྷག་སྤྲད་པས་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་18966357ལ་སློབ་གསོ་ཐོབ་ཡོད། ལྗོངས་ཡོངས་སུ་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྒྲིག་གཞི་3400ལྷག་བཙུགས་པར་ཆེད་བསྐོས་དང་ལས་འགན་གཅིག་ལྕོགས་ཀྱི་ལས་དོན་མི་སྣ་11000ལྷག་དང་། བཅའ་ཁྲིམས་ཤེས་བྱའི་དྲིལ་བསྒྲགས་དཔུང་ཁག་2023 བཅའ་ཁྲིམས་ཁྱབ་གདལ་གྱི་དང་བླངས་པའི་དཔུང་ཁག་149བཅས་བཀོད་སྒྲིག་བྱས་ཡོད་པ་རེད།

    གྲྭ་བཙུན་ལ་བཅའ་ཁྲིམས་ཁྱབ་གདལ་གཏིང་ཟབ་བཏང་བ།

    “ལྔ་བདུན”གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་ལ་དགའ་གུས་བྱ་རྒྱུ་བཅས་ལྟེ་བར་བྱེད་པ་དང་། “ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་མེད་པར་བཟོས་ནས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན”བྱ་རྒྱུ་དེ་གཙོ་རྐང་དུ་བྱེད་པ། རྒྱལ་གཅེས་ཆོས་གཅེས་དམིགས་ཚད་དུ་བྱས་ནས་ཆོས་ལུགས་དང་ཆོས་ལུགས་ལས་དོན་མི་སྣར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་རེད།

    2018ལོའི་ཟླ་3པར། ལྗོངས་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་སུ་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་ཐེངས་923སྤེལ་བར་ཆོས་ལུགས་ལས་དོན་མི་སྣ་24612ཞུགས་པ་དང་དྲིལ་བསྒྲགས་དཔྱད་གཞི་སྣ་ཚོགས་68460སྤྲད་པ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་གི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་དེ་བཞིན་དགོན་སྡོད་ལས་བྱེད་པ་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་ཐེངས་1363སྤེལ་བར་དགོན་སྡེའི་གྲྭ་བཙུན་དང་དེ་བཞིན་དད་ལྡན་མང་ཚོགས་མི་ཐེངས་ཁྲི་24ལ་སློབ་གསོ་ཐོབ་པ་རེད།

    དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རིམ་ཁག་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་གཙོ་གནད་མི་སྣའི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཞིང་འབྲོག་པར་དམིགས་ཏེ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་དང་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་དང་པོས“སྟོབས་ཤུགས་གསར་པ”དང“དྲིལ་བསྒྲགས་རུ་ཁག”བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་སྒོ་ཐེངས་ཁྲི་26.3ལྷག་སྤེལ་བར་སློབ་གསོ་ཐོབ་མཁན་མང་ཚོགས་མི་ཐེངས་ཁྲི་1375.9ལྷག་ཟིན་ཡོད་པ་རེད། གཞོན་ནུ་ལོ་ཆུང་ལ་དམིགས་ཏེ་ལྗོངས་སློབ་གསོ་ཐིང་གིས་སྔ་རྗེས་སུ་བཅའ་ཁྲིམས་ཁྱབ་གདལ་གྱི་གྲོན་དངུལ་སྒོར་ཁྲི་200ལྷག་བཏང་ནས་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས་ལྗོངས་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དང་ནང་སའི་བོད་ལྗོངས་འཛིན་གྲྭ་དང་མཉམ་དུ“སློབ་དུས་གསར་པའི་ཁྲིམས་སྐྱོང་སློབ་ཚན་དང་པོ”དང“གུང་གསེང་གི་ཁྲིམས་སྐྱོང་སློབ་ཚན་དང་པོ”སོགས་འབྲེལ་ཡོད་བྱེད་སྒོ་སྤེལ་ཏེ་བཅའ་ཁྲིམས་ཁྱབ་གདལ་གཏོང་ཚད་100%ཟིན་པ་བྱས་པ་རེད། འགོ་ཁྲིད་ལས་བྱེད་པར་དམིགས་ཏེ་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅའ་ཁྲིམས་སློབ་སྦྱོང་དང་དཔེ་སྟོན་ཁྲིམས་སྲུང་དེ་ཁྲིམས་སྐྱོང་འདུ་ཤེས་འཛུགས་པའི་འགག་རྩར་བྱ་རྒྱུ་མཐའ་འཁྱོངས་བྱས་པས་འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བསམ་པ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱོད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

    “ཟུར་ཚད་མང་པོའི”ཐོག་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་གཙོ་གནད་འབུར་དུ་ཐོན་པ།

    འདི་ལོ་ཚུན་དུ། བོད་རང་སྐྱོང་ལྗོངས་ཀྱིས་རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དེ་ལྗོངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྣམ་པ་སྣ་ཚོགས་དང་བྱེད་ཐབས་མང་པོ་སྤྱད་དེ་རྩ་ཁྲིམས་དྲིལ་བསྒྲགས་སློབ་གསོ་ཚང་མར་ཁྱབ་རྒྱུར་སྐུལ་འདེད་བཏང་བ་རེད།

    ཟླ་བཞི་པའི་ཟླ་འགོར། རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས“མེས་རྒྱལ་ལ་བསྟོད་པ་དང་། རྩ་ཁྲིམས་ལག་ཏུ་ཁྱེར་ནས་པར་རྒྱག”ཅེས་པའི་བྱེད་སྒོ་སྤེལ་བར་རིམ་རྩིས་བྱས་ན་མི་ཐེངས་ཁྲི་27ལྷག་ཞུགས་ཡོད་པ་རེད།

    དེ་དང་ཆབས་ཅིག བཅའ་ཁྲིམས་ཁྱབ་གདལ་དང་བརྟན་ལྷིང་སྲུང་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཆེད་དོན་བྱེད་སྒོ་ཐེངས་ཁྲི་8.9ལྷག་སྤེལ་བ་དང། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཐེངས་ཁྲི་6.8ལྷག་དྲིལ་བསྒྲགས་བྱས་པ། རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི་1236ལ་སློབ་གསོ་ཐོབ་ཡོད་པ་རེད། བཅའ་ཁྲིམས་ཁྱབ་གདལ་དང་དཔལ་འབྱོར་འཕེལ་རྒྱས་ཟུང་དུ་འབྲེལ་ཏེ་བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ལས་དོན་ལ་སྐུལ་འདེད་བཏང་བ་བརྒྱུད། བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་ཐེངས་29800ལྷག་ཙམ་མཁོ་འདོན་དང་། བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་2181གཉེར་ནས་རོགས་སྐྱོར་ཐོབ་མཁན་ལ་སྒོར་ཁྲི་4700ལྷག་གི་དཔལ་འབྱོར་གྱོང་གུན་མི་ཕོག་པ་བྱས་ཡོད། བཅའ་ཁྲིམས་ཁྱབ་གདལ་ལས་དོན་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་ཟུང་འབྲེལ་དམ་ཟབ་བྱས་ཏེ་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་ཚང་མར་ཁྱབ་པ་བྱས་ཡོད།

    སྒྱུར་བཅོས་གསར་གཏོད་འབུར་དུ་ཐོན་པ་བྱས་ཏེ་བཅའ་ཁྲིམས་ཁྱབ་གདལ་གཏིང་ཟབ་ཏུ་བཏང་བ།

    “བཅའ་ཁྲིམས་ཁྱབ་སྤེལ་བདུན་ལ”ཤུགས་སྣོན་བརྒྱབ་ཅིང་། ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་གིས“ཁྱབ་སྤེལ་བྱེད་ཐེངས་རེར”ཆེད་མངགས་ལག་བསྟར་ཐབས་ཇུས་དང་ལས་ཀའི་འཆར་གཞི་རེ་བཟོས་ནས་ལས་འགན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་བཏང་ཡོད། “ལྔ་བདུན”གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་རིང་། གཞིས་རྩེ་གྲོང་ཁྱེར་གྱིས“བཅའ་ཁྲིམས་ཁྱབ་སྤེལ་བདུན”གྱི་བྱེད་སྒོ་དམ་འཛིན་བྱ་གཞིར་བྱས་ནས་རིགས་ཁག་གི་དྲིལ་བསྒྲགས་བྱེད་སྒོ་ཐེངས་5800ལྷག་སྤེལ་བ་དང་། མི་ཐེངས་8890ལ་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་པ། དྲིལ་བསྒྲགས་དཔྱད་གཞི་ཁྲི་76.7ལྷག་སྤྲད་པ། མི་ཐེངས་ཁྲི་51.2ལྷག་ལ་སློབ་གསོ་ཐོབ་པ་བཅས་རེད།

    བཅའ་ཁྲིམས་ཁྱབ་གདལ་གྱི་གཡུལ་ས་རྒྱ་ཆེར་གཏོང་རྒྱུར་ཤུགས་བརྒྱབ་ཅིང་། LEDཡི་གློག་རྡུལ་བརྙན་ཤེལ་དང་ཚོམས་ཆེན་བརྙན་འཕྲིན་སོགས་ཀྱི་མཚམས་སྦྱོར་སྤྱད་དེ་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་དུས་ཐོག་ཏུ་བསྟན་ཞིང་“ལྔ་བདུན”གྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་རིང་། བོད་ལྗོངས་སྤྱི་བདེ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གློག་རྡུལ་བརྙན་ཤེལ་དང་། སྤྱི་སྤྱོད་རླངས་འཁོར་གྱི་LEDབརྙན་ཤེལ། བདལ་གཏོང་རླངས་འཁོར་གྱི་ཐོག་སྒྲོན་སོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྤྱི་ཕན་བརྡ་ཆ་ཐེངས་ཁྲི་4200ལྷག་བསྟན་ཡོད། ལྷ་ས་གྲོང་ཁྱེར་གྱི་ལམ་ཐིག་གཙོ་བོའི་སྤྱི་སྤྱོད་རླངས་འཁོར་ཐོག་བཅའ་ཁྲིམས་ཁྱབ་གདལ་གྱི་གློག་བརྙན་ཐུང་གྲས་6བསྟན་པ་དང་སྤྱི་སྤྱོད་རླངས་འཁོར་གྱི་མཇུག་སྒྲོན་གྱི་LEDབརྙན་ཤེལ་ཐོག་ཆ་སྙོམས་སྐར་ཆ་1.5རེ་ནང་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་ནང་དོན་ཐེངས་རེ་བསྟན་པས“མང་ཚོགས་ཀྱི་དགོས་མཁོ་ཕྱོགས་སྟོན་དུ་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོ་དམིགས་ཚད་དུ་བྱེད་པ”དངོས་འབྲེལ་མངོན་འགྱུར་ཐུབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།