[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ལྔ་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

     ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྒྲིག་ཁྲིམས་ཀྱི་བླང་བྱ་སྔར་བས་ནན་དུ་གཏོང་བ། “སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་ལོག་བྱ་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་བཅས་ཀྱི་ཆེད་རྒྱལ་སྟོན་གྱི་སྔ་ནུབ་ཏུ་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གནད་དོན་ལྔ་བརྡ་ཁྱབ་བཏང་བ་གཤམ་གསལ་ཏེ། 

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་གསོལ་མགྲོན་ཁང་ཚད་ཡོད་འགན་འཁྲི་ཀུང་སིའི་ཏུང་ཧྲེ་ཀྲང་ལྷུན་གྲུབ་ཚེ་རིང་དང་། རྒྱལ་རྩེ་རྫོང་འབྲུ་སྣུམ་ལས་སྣོན་བཟོ་གྲྭའི་ཁྲང་ཀྲང་ལེགས་མཆོག རྒྱལ་རྩེ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་ཟུར་པ་སྤེན་དབང་གིས་སྒྲིག་འགལ་ངང་འབུལ་རྟེན་བསྐྱལ་བའི་གནད་དོན། 2015ལོའི་ཟླ་12པར་ལྷུན་གྲུབ་ཚེ་རིང་དང་། ལེགས་མཆོག སྤེན་དབང་བཅས་ཀྱིས་རྒྱལ་རྩེ་རྫོང་གི་རྫོང་དཔོན་གཞོན་པ་ཟུར་པ་རྒྱལ་ཆེ་གེ་མོ་གོ་གནས་འཕར་བར་རྟེན་འབྲེལ་ཞུ་ཆེད་ཚན་པའི་མིང་ཐོག་ནས་གཞུང་དངུལ་སྤྱད་དེ་རྒྱལ་ཆེ་གེ་མོར་འབུལ་རྟེན་སྒོར་3000དང་། སྒོར་3000 སྒོར་5000བཅས་སོ་སོར་བསྐྱལ་ཡོད། དེས་ན་2018ལོའི་ཟླ་1པོར་ལྷུན་གྲུབ་ཚེ་རིང་དང་། ལེཌ་མཆོག སྤེན་དབང་བཅས་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་རྒྱལ་ཆེ་གེ་མོར་གྱོད་དོན་ལོཌ་སུ་བཞག་ནས་ཐག་གཅོད་དང་སྦྲཌ་བརྡ་ཁྱབ་བཏང་བ་རེད། 

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲོའུ་ལི་ཡིས་སྒྲིག་འགལ་ངང་གཞུང་འཁོར་སྤྱད་པའི་གནད་དོན། 2016ལོའི་ཟླ་9པར་ཀྲོའུ་ལི་ཡིས་རྫོང་སྲིད་གཞུང་གིས་སྣེ་ལེན་ལས་འགན་བཀོད་སྒྲིག་བྱས་མེད་པ་དང་གཞུང་ཡིག་མེད་པའི་གནས་ཚུལ་འོག་སྒྲིག་འགལ་ངང་རྫོང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལྟེ་གནས་ལ་གཞུང་འཁོར་བཀོད་སྒྲིག་བྱས་ཏེ་གནམ་ཐང་དུ་ནང་སའི་ཚོང་ཚོགས་ག་གེ་མོའི་རྟོག་ཞིབ་ཚོགས་པ་བསུ་བར་བསྐྱོད་དགོས་པ་དང་སྦྲགས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་པར་འགྲོ་དགོས་པའི་རེ་བ་བཏོན་ཡོད། དེས་མ་ཟད། རྟོག་ཞིབ་ཚོགས་པ་སྨན་གླིང་རྫོང་གི་ལས་ཁུངས་ཟ་ཁང་ནང་ཟ་མ་ཟ་རྒྱུའི་བཀོད་སྒྲིག་བྱས་ཡོད། དེས་ན་2018ལོའི་ཟླ་2པར་ཀྲོའུ་ལི་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ཡོད་པ་རེད། 

    ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་གཞུང་ལས་པའི་ཕྱོགས་བསྡུས་དོ་དམ་ཁོའོ་ཡི་ཁོའོ་ཀྲང་ཚེ་རིང་རྡོ་རྗེས་སྒྲིག་འགལ་ངང་གཉེན་སྒྲིག་རྒྱས་གཤོམ་བྱས་པའི་གནད་དོན། 2017ལོའི་ཟླ་4པར། ཚེ་རིང་རྡོ་རྗེས་ཆབ་མདོ་གྲོང་ཁྱེར་སྟག་རྩྭ་ཐང་ཅིང་ཐའེ་ཚོང་ལས་ཐང་ཆེན་གྱི“ཕུན་ཚོགས་འདོད་རྒུ་གླིང”དུ་གཉེན་སྒྲིག་བྱས་པ་དང་གདན་ཞུ་བྱས་པའི་མི་གྲངས་གཏན་འབེབས་དང་དེ་གོང་སྙན་ཞུ་འབུལ་བའི་མི་གྲངས་ལས་བརྒྱ་ལྷག་བརྒལ་ཡོད། དེས་མ་ཟད། ལས་རོགས་94ཡིས་སྤྲད་པའི་འབུལ་རྟེན་བསྡོམས་སྒོར་50499བླངས་ཡོད། 2018ལོའི་ཟླ་3པར། ཚེ་རིང་རྡོ་རྗེར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་ངང་བླངས་པའི་འབུལ་རྟེན་ཚང་མ་ཕྱིར་སློག་བྱེད་དུ་བཅུག་ཡོད། 

    ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་སྡིངས་པོ་ཆེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཆོས་བཟང་གིས་སྒྲིག་འགལ་ངང་རྔན་པ་སྤྲད་པའི་གནད་དོན། 2016ལོའི་ཟླ་6པར། ཆོས་བཟང་གིས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣའི་བསམ་པའི་ཉམས་འགྱུར་ལེགས་སུ་གཏོང་རྒྱུ་རྒྱུ་མཚན་དུ་བྱས་ནས་གཞུང་དངུལ་སྤྱད་དེ་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་ལས་བཟོར་ཕྱི་ལུགས་གྱོན་ཆས་ཉོས་པར་བསྡོམས་སྒོར་5675བཏང་ཡོད། 2018ལོའི་ཟླ་8པར་ཆོས་བཟང་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་གྱི་དངུལ་ལེན་པ་རྣམས་གཞུང་བཞེས་བཏང་བ་རེད། 

    ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་དཔྱོད་ཁྲུའུ་ཡི་ཀྲུའུ་རེན་ཟླ་སྒྲོན་གྱིས་སྒྲིག་འགལ་ངང་དགའ་སྐྱེལ་སྟོན་མོ་བཤམས་པ་དང་འབུལ་རྟེན་བླངས་པའི་གནད་དོན། 2017ལོའི་ཟླ་8པར། ཟླ་སྒྲོན་གྱིས་ལྷ་ས་གྲོང་ཁྱེར་ཁ་བ་གཤོངས་དགའ་གསོལ་ཚིགས་ཁང་དུ་བུ་དགའ་སྐྱེལ་གྱི་སྟོན་མོ་བཤམས་ཤིང་། གཉེན་ཉེ་ཕུད་སློབ་གྲྭའི་དགེ་རྒན་མི་15ཡི་འབུལ་རྟེན་བསྡོམས་སྒོར་1650བླངས་ཡོད། 2018ལོའི་ཟླ་8པར་ཟླ་སྒྲོན་ལ་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་ཡོད། 

    བརྡ་ཁྱབ་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་དགོས་པའི་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ་དུས་ཆེན་རིང“སྤྱོད་ཚུལ་བཞིའི”གནད་དོན་ལ་དམ་པོར་དམིགས་ནས་གནད་དོན་གྱི་ཁུངས་སྣེ་འཚོལ་བར་ཤུགས་སྣོན་རྒྱག་པ་དང་། “གྱོད་གཅིག་གཉིས་བཤེར”དོན་འཁྱོལ་ནན་པོ་བྱེད་པ། མིང་དམར་རྗེན་དུ་བཏོན་ནས་བརྡ་ཁྱབ་གཏོང་བ་བཅས་བྱས་ནས་ཟིལ་ཤུགས་ཆེན་པོ་ཞིག་ཆགས་པ་བྱས་ཏེ་ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།