[ English ] [ 中文 ]
0891-6325020
དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲིམས་འགལ་རྒྱན་ཤོག་ཉོ་ཚོང་བྱས། ཁྲིམས་ཀྱི་ཆད་པ་ཕྲག་ཏུ་བབས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-09

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་སྒྲིག་འཛུགས་ཉེས་གསོག་མྱུལ་ཞིབ་རུ་ཆེན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་4པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་སྒྲིག་འཛུགས་ཉེས་གསོག་མྱུལ་ཞིབ་རུ་ཆེན་གྱིས་ལྷ་སའི་རྒྱན་ཤོག་ཚོང་ཁང་ཞིག་གིས་ཁྲིམས་འགལ་རྒྱན་ཤོག་འཚོང་གི་ཡོད་པ་ཤེས་རྟོགས་ཐུབ་ཡོད། རུ་ཆེན་དེས་འཕྲལ་དུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རྟོག་ཞིབ་བྱས་པ་དང་འབྲེལ། སྔ་རྗེས་སུ་ལེའོ་ཉིང་སོགས་ས་ཆར་བརྟག་དཔྱད་དཔང་ལེན་བྱས་པར་བསྐྱོད་པ་དང་། ཉེས་གསོག་དོགས་ཅན་གྱི་ཉེས་གསོག་དོན་དངོས་ཚང་མ་ཁོང་དུ་ཆུད་རྗེས། ཟླ་9པའི་ཟླ་འགོར་ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་དང་མཉམ་འབྲེལ་ཐོག་ལྷ་ས་གྲོང་ཁྱེར་དང་ལེའོ་ཉིང་གྲོང་ཁྱེར་ནས་གྱོད་འབྲེལ་མི་སྣ་བཞི་པོ་འཛིན་བཟུང་བྱས་པ་རེད།

    རྟོག་ཞིབ་བྱས་པ་བརྒྱུད། 2012ལོ་ཚུན། ཉེས་གསོག་དོགས་ཅན་ཞུས་ཆེ་གེ་མོས་ལྷ་ས་གྲོང་ཁྱེར་གྱི་ཚོང་ཁང་ཞིག་ཏུ་རྒྱལ་ཁབ་ཀྱིས་བཏོན་པའི་3Dཕན་བདེའི་རྒྱན་ཤོག་གི་འབྲས་བུ་སྤྱད་དེ་སྒོར་100ཡིས་ཉོས་ན་སྒོར་80ནས་སྒོར་360བར་གྱི་ཐོབ་ཆ་མི་འདྲ་བར་གཞིགས་ཏེ་ཁྲིམས་འགལ་མི་སྣ་མང་པོ་སྒྲིག་འཛུགས་བྱས་ཏེ་རྒྱན་འཛུགས་བྱས་པ་རེད།

    དེའི་རིང་། ཞུས་ཆེ་གེ་མོས་ཁྲིམས་འགལ་ངང་ཐོབ་པའི་རྒྱན་འགྱེད་དངུལ་ཚང་མ་ལེའོ་ཉིང་གི་ཧྥུང་ཆེ་གེ་མོ་དང་ཆའོ་ཆེ་གེ་མོར་རྩིས་སྤོ་བྱས་པ་དང་འབྲེལ། ཁེ་འབབ་སྒོར་ཁྲི་2ལྷག་ཙམ་རག་ཡོད། ཧྥུང་ཆེ་གེ་མོ་དང་ཆའོ་ཆེ་གེ་མོས་ཁྲིམས་འགལ་ངང་ཐོབ་པའི་དངུལ་དེ་དག་ཀྲའོ་ཆེ་གེ་མོར་རྩིས་སྤོ་བྱས་ཡོད། མིག་སྔར་ཉེས་གསོག་དོགས་ཅན་ཞུས་ཆེ་གེ་མོ་དང་། ཧྥུང་ཆེ་གེ་མོ། ཆའོ་ཆེ་གེ་མོ། ཀྲའོ་ཆེ་གེ་མོ་བཅས་ཁྲིམས་བཞིན་ཉེས་དོན་བཀག་ཉར་བྱས་པ་དང་གྱོད་གཞི་སྔར་བས་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད།

    ཁྲིམས་འགལ་རྒྱན་ཤོག་ནི་གང་ཞིག་ཡིན་ནམ། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ངོ་སྤྲོད་བྱས་པར་གཞིགས་ན། ཁྲིམས་འགལ་རྒྱན་ཤོག་ནི་རྒྱལ་ཁབ་ཀྱི་ཚད་ལྡན་གྱི་རྒྱན་ཤོག་ཕྱེ་བའི་ཨང་གྲངས་བེད་སྤྱད་དེ་རང་དགར་རྒྱན་འཛུགས་འགན་འཁུར་མཁན་བཀོད་སྒྲིག་བྱས་ནས་རྒྱན་ཤོག་ཚོང་ཁང་བཙུགས་པ་དང་དེ་རྗེས་ཧམ་ཆེན་གྱིས་རྒྱུ་ནོར་བསྡུ་ལེན་བྱེད་པར་བརྗོད་ཀྱི་ཡོད། 《རྒྱན་ཤོག་དོ་དམ་སྲོལ་ཡིག》ནང་གཏན་འབེབས་ཁ་གསལ་བྱས་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་མ་ཐོབ་པར་ཚན་པ་དང་མི་སྒེར་གང་རུང་གིས་རྒྱན་ཤོག་འཚོང་མི་ཆོག ཁྲིམས་འགལ་རྒྱན་ཤོག་མང་པོ་ཐོན་པ་དེས་ཚད་ལྡན་རྒྱན་ཤོག་གི་ཁྲོམ་རར་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་། རྒྱལ་ཁབ་ཀྱིས་རྒྱན་ཤོག་ལ་དོ་དམ་བྱེད་མི་ཐུབ་པ། རྒྱལ་ཁབ་ཀྱི་ཁྲལ་བསྡུ་དོ་དམ་ལས་གཡོལ་བ། རྒྱུན་ལྡན་གྱི་དཔལ་འབྱོར་སྒྲིག་ལམ་འཁྲུག་པ་བཅས་མ་ཟད། ད་དུང་སྤྱི་ཚོགས་བརྟན་ལྷིང་ལ་ཉེན་ཁ་བཟོ་བའི་བདེ་འཇགས་གནད་དོན་མང་པོ་ཞིག་ཐོན་གྱི་ཡོད།

    ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་གྲོང་མིར་དྲན་སྐུལ་བྱས་དོན། ཁྲིམས་འགལ་རྒྱན་ཤོག་གི་ཐོབ་ཆ་རྒྱལ་ཁབ་ཀྱི་ཚད་གཞི་ལས་མཐོ་བ་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བས་དེའི་ཐོབ་ཆར་རྒྱལ་ཁབ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ་ཀྱི་མེད། ཁྲིམས་འགལ་རྒྱན་ཤོག་ཉོ་རྒྱུ་མེད་པ་དང་རྣམ་ཀུན་ནས་དོཌ་ཟོན་བྱེད་དགོས། དགའ་ཉེ་སྤུན་མཆེད་ཀྱིས་ཁྲིམས་འགལ་རྒྱན་ཤོག་ཉོ་བ་ཤེས་རྟོཌ་ཐུབ་ཚེ་ངེས་པར་དུ་ཉེན་རྟོག་པར་སྙན་སེང་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།